R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༡༩
[A:༡༩]ཆད་རྒྱལ་བས་མ་བསྒྲལ་བའི། །འགྲོ་རྣམས་ཐར་པ་མཆོག་གི་ཐེམ་སྐས་ལ། །འཁྲིད་པའི་ཡ་མཚན་གསར་དུ་ངོམས་པ་གང། །ཚངས་དང་ཕུར་བའི་བློས་ཀྱང་གཞལ་ནུས་མིན། ༤ །མགོན་དེའི་ཆོས་ཀྱི་ཁྲི་འཕང་མཐོན་པོ་ན། །ཞབས་སེན་འཁོར་ལོའི་རེ་ཁཱ་རྣམ་བཀོད་པའི། །སྨྲ་དབང་རྣམས་ཀྱིས་འཆད་རྩོད་རྩོམ་པ་ཡིས། །ཐུབ་པའི་བསྟན་པ་ཉིན་མོའི་དཔལ་ལ་སྦྱར། ༥ །ལྷག་པར་གྲངས་མེད་བསྐལ་པའི་སྔོན་རོལ་དུ། །མཐའ་གཉིས་སྤངས་པའི་གཞལ་མེད་ཁང་པ་ན། །ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་རྒྱལ་སྲིད་ལ། །དབང་བསྒྱུར་བདག་ཅག་རྣམས་ཀྱི་འདྲེན་པ་གསུམ། ༦ །ཇི་ལྟར་པདྨོའི་ཚལ་དུ་བུང་བ་དང༌། །འོ་མའི་ཆུ་གཏེར་ཆེ་ལ་ངང་མོ་བཞིན། །འགྲོ་ལ་རྗེས་སུ་བརྩེ་བའི་འཛུམ་རླབས་ཀྱིས། །སྲིད་པ་འདི་ན་འཇུག་པའི་རོལ་རྩེད་བརྩམས། ༧ །དེ་ལྟའི་མགོན་ལ་གུས་པས་བསྔགས་པ་ཡིས། །བདེ་གཤེགས་སྲས་བཅས་དགྱེས་པའི་གནད་འདི་ཀུན། །རྟོགས་པར་བྱ་ཕྱིར་འཇིག་རྟེན་བྱེད་པོ་ཡིས། །ཉི་དང་ཟླ་བའི་དཀྱིལ་འཁོར་སྤྲུལ་མིན་ནམ། ༨ །དབང་བསྐུར་མཆོག་སྩོལ་རྡོ་རྗེ་སློབ་དཔོན་གྱི། །བ་སྤུའི་ཁུང་བུ་ཙམ་ཞིག་བསྙེན་བཀུར་བའི། །བསོད་ནམས་དེ་ནི་རྒྱལ་བ་ཀུན་མཆོད་པའི། །ཕན་ཡོན་ཟིལ་གྱིས་གནོན་ལ་ཆས་པ་བཞིན། ༩ །གསལ་བར་བྱའོ་གཟུགས་ལ་ལྟ་བའི་མིག །རིན་ཆེན་དང་པོ་ལས་བསྐྲུན་ཐུར་མས་ཏེ། །གང་གི་རྣམ་ཐར་ཀུ་མུ་དཱ་ཡི་ཚལ། །ཚོགས་གསུམ་ཟླ་འོད་གཞོན་ནུ་འདིས་ཀྱང་ངོ༌། ༡༠ །དེ་ལྟར་དགོས་པ་དོན་དང་ལྡན་པའི་གཏམ་གྱི་སྦྱོར་བ་མེ་ཏོག་མནྡཱ་རའི་ཕང་ཕུང་ལྟ་བུར་གཡོ་བ་ཅུང་ཟད་སྔོན་དུ་གཏོར་བས་ངག་གི་ལམ་ཡངས་པར་བྱས་ནས། ད་ནི་སྐབས་སུ་བབ་པའི་དོན་དངོས་བཤད་པར་བྱ་སྟེ། དེ་ལ་གསུམ། མཁན་ཆེན་ཐམས་ཅད་