R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༢༠
[A:༢༠]མཁྱེན་པ་བྱམས་པ་ནམ་མཁའ་འཆི་མེད་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར་བཤད་པ། དེའི་དབོན་བདག་ཅག་རྣམས་ཀྱི་འདྲེན་པ་དམ་པ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨོས་ན་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར་བཤད་པ། དེའི་གཅུང་གྲུབ་པའི་འཁོར་ལོས་སྒྱུར་བ་ཆེན་པོ་མཚན་དངོས་ཟུར་ཙམ་གླེང་ན་མཁན་ཆེན་རྡོ་རྗེ་འཆང་རྣལ་འབྱོར་འཇམ་དཔལ་བཟང་པོ་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བཤད་པའོ། །དེའི་དང་པོ་ནི། སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་ཆོས་ཀྱི་རྒྱལ་སྲིད་ཆེན་པོར་མཁས་པའི་ཕྲིན་ལས་རྣམ་པ་གསུམ་གྱི་འཁོར་ལོས་སྒྱུར་བའི་གདན་རབས་ཞེ་གསུམ་པ་དཔལ་ཆོས་ཀྱི་རྗེ། ཆོས་ཀྱི་རྒྱལ་པོ། ཆོས་ཀྱི་དབང་ཕྱུག །ཆོས་ཐམས་ཅད་ཀྱི་འབྱུང་གནས་མཁན་ཆེན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་བྱམས་པ་ནམ་མཁའ་འཆི་མེད་ཅེས་ཡོངས་སུ་གྲགས་པའི་བ་དན་སྲིད་ཞིའི་ཁོངས་སུ་མངོན་པར་གསལ་བ་གང་དེའི་ཡོན་ཏན་འཛད་པ་མེད་པའི་གཏེར་ཆེན་པོ་ལས། སྐྱེ་བོ་ཐ་མལ་པ་རྣམས་ཀྱི་བློ་ངོར་སྣང་བའི་ཐུན་མོང་གི་རྣམ་པར་ཐར་པའི་མེ་ཏོག་འགའ་ཞིག་མིང་ཚིག་ཡི་གེ་ཚོགས་པའི་སྲད་བུར་བརྒྱུ་བར་བྱ་སྟེ། དེ་ལ་ལྔ། སེམས་ཅན་གྱི་དོན་དུ་སྤྲུལ་པའི་སྐུའི་སྐྱེ་བ་བཞེས་པའི་ཚུལ། རྟེན་རྣམ་པར་དག་པའི་ཆེད་དུ་རྒྱལ་བའི་བསྟན་པ་རིན་པོ་ཆེའི་སྒོར་ཞུགས་ནས་ཐོས་བསམ་སྒོམ་གསུམ་གྱིས་རང་རྒྱུད་གྲོལ་བར་མཛད་པའི་ཚུལ། ཡོན་ཏན་བསམ་གྱིས་མི་ཁྱབ་པའི་ཕྱིར་བསྟན་པའི་བདག་པོ་ཆེན་པོར་མངའ་གསོལ་ནས་