R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༢༡
[A:༢༡]བསྟན་པ་དང་སེམས་ཅན་གྱི་དོན་རླབས་པོ་ཆེ་མཛད་པའི་ཚུལ། མཁས་བཙུན་བཟང་གསུམ་སོགས་ཀྱི་ཡོན་ཏན་བྱེ་བྲག་ཏུ་བཤད་པ། མཐར་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུས་ནས་སླར་ཡང་སེམས་ཅན་གྱི་དོན་རྒྱུན་མི་འཆད་པའི་ཚུལ་ལོ། །དེའི་དང་པོ་ལ། སྐུ་སྐྱེ་བ་བཞེས་པའི་ཚུལ་དངོས་དང༌། གཞོན་ནུའི་ས་ལ་བཞུགས་ནས་མཛད་པ་ཇི་ལྟར་མཛད་པའི་ཚུལ་གཉིས་ལས། དང་པོ་ནི། འདི་ལྟར་དེ་བཞིན་གཤེགས་པ་རྣམས་མངོན་པར་བྱང་ཆུབ་པའི་གནས་རྒྱ་གར་རྡོ་རྗེ་གདན་གྱི་བྱང་ཕྱོགས། འཕགས་པ་ལག་ན་པདྨོའི་གདུལ་ཞིང༌། དུང་དང་ཀུནྡ་ལྟར་དཀར་བའི་གངས་རི་མཐོ་ཞིང་ལྷུན་ཆགས་པའི་ཕྲེང་བས་བསྐོར་བའི་ལྗོངས། འཆི་བ་མེད་པའི་ཡུལ་དུ་སོན་བ་ལྟར་ཧ་ཅང་གྲང་བར་ཡང་མ་ཡིན་པའི་བསིལ་བའི་རེག་བྱ་འཇམ་པོས་སྐྱེ་བོ་རྣམས་ཀྱི་ལུས་སེམས་ལ་ཀུན་དགའ་གསར་དུ་སྐྱེད་པ། ཡིད་དུ་འོང་བའི་ནེའུ་གསིང་དང་ལྗོན་ཤིང་གི་ཚོགས་དུ་མས་མཛེས་པར་སྤུད་པའི་ཁྲོད། ཆུ་ཀླུང་མང་པོ་ཕྱོགས་ཐ་དད་དུ་བབས་པ་ལས་སྒྲ་སྙན་པར་གྲགས་པས་འགྲོ་བ་རྣམས་ཀྱི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པའི་ཡུལ། བོད་ཁ་བ་ཅན་ཞེས་ཡོངས་སུ་གྲགས་པ་འདི་ལ་སྟོད་ན་མངའ་རིས་སྐོར་གསུམ། བར་ན་དབུས་གཙང་རུ་བཞི། སྨད་ན་མདོ་ཁམས་སྟོད་སྨད་བར་གསུམ་སྟེ་ཁམས་གསུམ་མམ། སྒང་དྲུག་ཏུ་ཡོད་པ་ལས་བར་དབུས་གཙང་རུ་བཞི། དེ་ལའང་དབུས་ན་དབུ་རུ་དང་གཡོ་རུ་གཉིས། གཙང་ན་གཡས་རུ་དང་རུ་ལག་གཉིས་ཏེ་རུ་བཞི་ལས་གཡས་རུ། དེ་ལ་ཉང་སྟོད་དང་ཉང་སྨད་གཉིས་སུ་ཡོད་པ་ལས་ཉང་སྨད་ཀྱི་སའི་བྱེ་བྲག །རྒྱལ་བ་སྲས་དང་བཅས་པ་རྣམས་