[A:༢༣]རྫོགས་པའི་ཡབ་རྟ་འགྲིན་ཞེས་བྱ་བ་དང༌། ཡུམ་རྫོང་པ་ལགས་ཞེས་པ་གསང་སྔགས་རྙིང་མ་བའི་རིང་ལུགས་འཛིན་པའི་སྔགས་འཆང་མཐུ་ནུས་ཅན་རྒྱུན་མ་ཆད་པར་བྱོན་པའི་རིགས་སུ་འཁྲུངས་པའི་ཡེ་ཤེས་ཀྱི་མཁའ་འགྲོའི་མཚན་དང་ལྡན་པ། ཡིད་དུ་འོང་བའི་ལང་ཚོ་དང༌། རིས་སུ་མ་ཆད་པའི་དད་པ་དང༌། ཉེ་རིང་མེད་པའི་འགྲོ་བ་རྣམས་ལ་བྱམས་པ་དང་སྙིང་རྗེ་ལ་སོགས་པ་དམ་པའི་ངང་ཚུལ་མང་པོས་མཛེས་པར་སྤུད་པའི་པ་སངས་སྒྲོལ་མ་ཞེས་པ་སྟེ། ཡབ་ཡུམ་དེ་གཉིས་ལ་སྲས་བཞི་དང༌། སྲས་མོ་བཞི་སྟེ་བརྒྱད་ཡོད་པ་ལས། སྲས་ཐམས་ཅད་ཀྱི་ནང་ནས་ཆེ་ཤོས་པདྨ་དོན་གྲུབ་དང༌། དེ་འོག་ཟླ་རྒྱལ་ཞེས་པ་གཉིས་ནི་འཇིག་རྟེན་ལུགས་ཀྱི་བསྟན་བཅོས་མཐའ་དག་ལ་མཁས་ཤིང༌། ཡ་རབས་ཀྱི་སྲོལ་བཟང་པོ་སྐྱོང་བ་ཞིག་སྟེ་གཉིས་ཀ་ཁྱིམ་པའི་བརྟུལ་ཞུགས་འཛིན་པ་ཡིན་ལ། དེ་འོག་ཞབས་དྲུང་ནམ་མཁའ་རབ་འབྱམས་སུ་གྲགས་པ་ནི། ཆུང་ངུ་ནས་ངོར་དུ་ཁུ་བོ་ཞབས་དྲུང་དཔལ་ལྡན་ཆོས་སྐྱོང་གི་དྲུང་དུ་བྱོན། ཐུགས་རབ་ཀྱི་རྩལ་ཆེན་པོ་རྫོགས་ཏེ་ཉིན་རེར་ཕྱག་དཔེ་ཤོག་བུ་མདའ་ཚད་མ་བརྒྱད་རེ་ཙམ་ཐུགས་ལ་འཛིན་པ་ལ་བསྙེལ་པ་མི་མངའ། གཞན་ཡང་རི་མོ་དང༌། འདག་བཟོ་ལ་སོགས་པ་བཟོའི་རིག་བྱེད་མང་པོ་མ་བསླབས་པར་ཐོལ་བྱུང་དུ་མཁྱེན་པ་སོགས་སྨྲ་བའི་ཁྱུ་མཆོག་ཆེན་པོར་གྱུར་པ་ཞིག་ཡོད་རུང༌། གདུལ་བྱའི་བསོད་ནམས་ཀྱིས་མ་ཆུན་པར་དགུང་ལོ་བཅུ་བདུན་པར་ཞིང་ཁམས་གཞན་དུ་གཤེགས། དེ་འོག་སྲས་ཐམས་ཅད་ཀྱི་ནང་ནས་ཆུང་ཤོས་དཔལ་ས་ཡི་སྟེང་ན་འགྲན་ཟླ་དང་བྲལ་བའི་ཆོས་ཀྱི་རྗེ་འདི་ཡིན་ཏེ། དེའང་ཐོག་མར་ཡུམ་གྱི་ལྷུམས་སུ་ཞུགས་པ་ནས། ཇི་སྲིད་མ་བལྟམས་ཀྱི་བར་དུ་ཡུམ་སྐུ་ལུས་