[A:༢༤]ཡང་ཞིང་ཟོ་མདོག་བཟང་བ་དང༌། སྔར་མ་མྱོང་བའི་ལུས་སེམས་ལ་བདེ་བས་ཁྱབ་པ་དང༌། དགེ་བའི་བྱ་བ་ལ་རང་གི་ངང་གིས་འཇུག་པ་སོགས་རྒྱལ་བའི་སྲས་པོ་རྣམས་ལ་ཇི་ལྟར་འབྱུང་བའི་དགེ་མཚན་མཐའ་དག་མངོན་དུ་གྱུར་བཞིན་པའི་ངང་ནས། རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོ་བོད་དུ་ཕེབས་ནས་རབ་བྱུང་ཐོག་མར་བརྩིས་པའི་རབ་བྱུང་བཅུ་གསུམ་པའི་ནང་གསེས། ལེགས་སྦྱར་གྱི་སྐད་དུ་སིརྠ་པ་ཞེས་བོད་སྐད་དུ་ས་སྐྱོང་སྟེ་རྒྱ་རྩིས་པའི་ལུགས་ཀྱི་ཤིང་མོ་བྱ་ལོའི་ཧོར་ཟླ་ལྔ་པའི་དམར་ཕྱོགས་ཀྱི་གྲལ་ཚེས་ཉེར་ལྔའི་སྲོད་ཀྱི་དུས་སུ་ཡུམ་ལ་གནོད་པ་མེད་ཅིང་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་འཁྲུངས་པར་གྱུར་ཏོ། །དེ་ལྟར་འཁྲུངས་པའི་ཁྱེའུ་དེ་ནི་གཟུགས་བཟང་ཞིང་ལྟ་ན་སྡུག་པ། བཞིན་གྱི་དཀྱིལ་འཁོར་པདྨ་གཞོན་ནུ་ཁ་བྱེ་མ་ཐག་པ་ལྟར་ཁ་དོག་རྒྱས་ཤིང༌། དབུ་གདུགས་ཀྱི་རྣམ་པ་ཅན་དང༌། དཔྲལ་བའི་དབྱེས་ཆེ་བ་སོགས་སྐྱེས་བུ་ཆེན་པོའི་མཚན་དང་ལྡན་ཞིང༌། སྐྱེ་བོ་རྣམས་ཀྱི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པ་ཞིག་སྟེ། དུས་མཉམ་པའི་སྐྱེ་བོ་སུས་ཀྱང་འགྲན་དུ་མེད་པ་ཡིན་ནོ་ཞེས་ཐོས་ལ། མཚན་དགྲ་འདུལ་ཞེས་བྱ་བར་བཏགས་སོ། །ཤེལ་དཀར་ཞུ་བའི་ཁུ་བ་ཡི། །ཚོན་གྱིས་ལན་བརྒྱར་བྱུགས་པ་བཞིན། །མུ་ཏིག་འོད་ཆགས་ཁ་བའི་ལྗོངས། །ལྷ་ཡུལ་ས་ལ་འཕོས་འདྲ་ཡོད། །ཁྱད་པར་དགེ་མཚན་རྒྱ་མཚོ་ཡིས། །ཡོངས་སུ་གཏམས་པའི་གླིང་འདི་ནི། །གངས་ཅན་མཛེས་པའི་རྒྱན་ཉིད་དུ། །དབང་ཕྱུག་གིས་ནི་སྤྲུལ་པར་ངེས། །དེ་ན་མཁས་དང་གྲུབ་རིགས་ཀྱི། །འཆི་མེད་ལམ་ལས་ཉེར་འོངས་པའི། །རྒྱལ་སྲས་སྐྱེད་པའི་ཡབ་དེ་ལ། །རྟ་མཆོག་རོལ་པའི་མཚན་བྱིན་བརླབས། །ཡིད་འོང་ཤར་གྱི་ཐིག་ལེ་ནི། །རིན་ཆེན་རྒྱན་གྱིས་རྣམ་སྤྲས་ཤིང༌། །དད་དང་སྙིང་