R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༢༥
[A:༢༥]རྗེ་སོགས་ལྡན་ན། །ཟླ་བཞིན་མ་ཡི་དཔེ་ཟླར་འོས། །དེ་ལྟའི་རི་དྭགས་མིག་ཅན་མའི། །ལུས་ཀྱི་ཕོ་བྲང་ཉམས་དགའ་བར། །དགེ་བའི་མཚན་མ་རབ་འབྱམས་དང༌། །ལྷན་ཅིག་ཞུགས་པའི་རོལ་རྩེད་བརྩམས། །ཨེ་མ་རབ་ཏུ་མཛེས་པའི་ལུས། །ཤིང་བལ་བཞིན་དུ་ཡང་བ་དང༌། །ཟོ་མདོག་ཆེས་ཆེར་རྒྱས་པ་ནི། །ཡར་གྱི་ངོ་ལ་འགྲན་པ་བཞིན། །སྔོན་ཆད་ལྷས་ཀྱང་མ་མྱངས་པའི། །ལུས་སེམས་བདེ་བས་མྱོས་པ་ནི། །མངོན་སུམ་པའམ་རྨི་ལམ་ཞེས། །ཡུམ་གྱི་ཡིད་ནི་སོམ་ཉིར་གྱུར། །དེ་ནས་ནོར་གྱི་བློ་གྲོས་མ། །དབྱར་གྱི་ཆས་སུ་ཞུགས་པ་དང༌། །འགྲོ་འདིའི་བསོད་ནམས་རྭ་བ་ན། །གཟུགས་སྐུའི་མེ་ཏོག་གསར་པ་བཞད། །སྲིད་ན་མཛེས་པའི་སྙིང་པོ་ཀུན། །གཅིག་ཏུ་སྤུངས་ལ་ཅོ་འདྲི་བའི། །མཚན་བཟང་ལྟ་ན་སྡུག་པ་ཡིས། །འཇིག་རྟེན་གསུམ་པོ་ཀུན་ཡིད་འཕྲོག །དེ་ཚེ་ཆེད་དུ་མ་བོས་པར། །ཤིས་པའི་ཆོས་ཀུན་འདུ་བ་དང༌། །འབད་པ་མེད་པར་ལྗོངས་འདི་ཡི། །བདེ་སྐྱིད་དགུང་ལ་རེག་པར་གྱུར།། །།གཉིས་པ་གཞོན་ནུའི་ས་ལ་བཞུགས་ནས་མཛད་པ་ཇི་ལྟར་མཛད་པའི་ཚུལ་ནི། དེ་ནས་ན་ཚོད་དང་མཐུན་པའི་ཁ་ཟས་ཕུན་སུམ་ཚོགས་པས་སྐྱེད་བསྲིངས་ཏེ། ཅུང་ཟད་མནོ་ཤེས་པ་ནའང་གཞོན་ནུ་དེ་ནི་བསྐལ་པ་དཔག་ཏུ་མེད་པར་ལེགས་བྱས་ལ་གོམས་པ་བརྟས་པའི་ཤུགས་ཀྱིས་རྒན་པ་ལ་གུས་ཤིང༌། གཞོན་པ་ལ་བྱམས་པ་ལ་སོགས་པ་ཡ་རབས་ཀྱི་སྤྱོད་ཚུལ་དང་ལྡན་ཞིང༌། རྩེད་མོ་དང་ཀུ་རེ་ལ་སོགས་པ་ཐ་མལ་གྱི་བྱིས་པའི་སྤྱོད་པ་ལས་འདས་ཏེ། ཞི་ཞིང་དུལ་བ་དང༌། བག་ཡོད་པའི་སྒོ་ནས་ཀུན་སྤྱོད་ཤིན་ཏུ་གཙང་བས་སྐྱེ་བོ་ཐམས་ཅད་ངོ་མཚར་བའི་གནས་སུ་གྱུར་པ་ཞིག་གོ་ཞེས་འཁུམས་སོ། །དེ་ནས་དགུང་ལོ་ལྔ་བཞེས་པའི་དུས། ཐར་