[A:༢༦]རྩེ་ནས་ཁུ་བོ་ཞབས་དྲུང་དཔལ་ལྡན་ཆོས་སྐྱོང་དགོངས་པ་ཞི་དབྱིངས་སུ་གཏད། དེ་སྐབས་ཐར་རྩེར་མི་མེད་རྒྱུ་མེད་ལྟ་བུའི་ཉག་ཕྲ་བར་བརྟེན་དཔལ་ལྡན་ས་སྐྱའི་བླ་སྨན་པ་ཆེན་པོ་ཞལ་དཀར་བས། ངོར་གྱི་ཟུར་བཞི་ཐར་རྩེ་པར། དབོན་རྒྱུད་སོགས་ཅི་ཡང་ཡོད་སྐད་མ་ཐོས་པས། དེའི་འཛིན་བ་དག་བྱེད་ཆོག་པར་དཔལ་ས་སྐྱའི་འཇམ་མགོན་ཆེན་པོར་སྙན་སྒྲོན་ཕུལ་ཀྱང༌། ངོར་པ་རྣམས་ཀྱིས་དབོན་པོ་རྗེ་འདི་པ་ཡོད་ཚུལ་གསེར་སྙན་དུ་གསོལ་ཏེ། དགུང་ལོ་དྲུག་ཏུ་སོན་པ་ལྕགས་ཕོ་སྟག་གི་ལོར། ས་ལ་གནས་པའི་འོག་མིན་ཆེན་པོ་དཔལ་ཨེ་ཝཾ་ཆོས་ལྡན་གྱི་བླ་བྲང་ཐར་པ་རྩེར་ཕེབས། ག་ཟི་དྲུང་ཡིག་ཏུ་གྲགས་པས་འབྲི་ཀློག་སོགས་བརྡ་བསྟན་པ་ཙམ་གྱིས་ཚེགས་མེད་དུ་མཁྱེན། དེ་ནས་བཟུང་དགུང་ལོ་བཅུ་དྲུག་པའི་བར་ལ་ཨེ་ཝྃ་པའི་འདོན་ཚོགས་ཡོངས་སུ་རྫོགས་པ་ཐུགས་འཛིན་དང༌། དེ་དག་གི་གདངས་དབྱངས། རྔ་དང་རོལ་མོའི་ཚིགས། ཐིག་རྡུལ་ཚོན་ལ་སོགས་པ་མདོར་ན་ཕྱག་ལེན་ཕྲ་མོ་ཚུན་ཆོད་ཀྱང་དཔྱིས་ཕྱིན་པར་མཛད། ལྷག་པར་འཇམ་མགོན་ས་སྐྱ་པཎྜི་ཏ་ཆེན་པོས་མཛད་པའི་བསྟན་བཅོས་སྡོམ་གསུམ་རབ་དབྱེ། ཆོས་རྗེ་དཀོན་མཆོག་ལྷུན་གྲུབ་པས་མཛད་པའི་རྒྱུད་བཤད་ཀྱི་སྔོན་འགྲོ་ཚུལ་གསུམ་མཛེས་རྒྱན། རྒྱུད་ཀྱི་མངོན་པར་རྟོགས་པ་ལྗོན་ཤིང་མཛེས་རྒྱན། དཔལ་ཀྱེ་རྡོ་རྗེའི་རྩ་བའི་རྒྱུད་བརྟག་པ་གཉིས་པ་སྟེ་ངོར་པའི་གཞུང་ཆུང་བཞིར་གྲགས་པ་རྣམས་དང༌། དཀོན་མཆོག་ལྷུན་གྲུབ་པས་མཛད་པའི་གསུང་ངག་ལམ་འབྲས་ཀྱི་སྔོན་འགྲོ་སྣང་གསུམ་མཛེས་རྒྱན། དངོས་གཞི་རྒྱུད་གསུམ་མཛེས་པར་བྱེད་པའི་རྒྱན་བཅས་དང༌། རྒྱུད་སྤྱི་ལ་དགོས་པའི་ཆོས་སྣར་ས་ཆེན་གྱིས་མཛད་པའི་རྒྱུད་སྡེའི་དུམ་བུ་བརྒྱ་བཅུ་གསུམ་པ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོས་མཛད་པའི་རྒྱུད་སྡེ་སྤྱིའི་རྣམ་པར་གཞག་