R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༢༧
[A:༢༧]པ། རྗེ་བཙུན་རིན་པོ་ཆེས་མཛད་པའི་རྒྱུད་ཀྱི་མངོན་པར་རྟོགས་པ་རིན་པོ་ཆེའི་ལྗོན་ཤིང༌། དེ་གཉིས་ཀྱི་སྟོང་ཐུན་ས་བཅད། ཡབ་ཀྱི་བསྟོད་པ་དཎྜ་ཀ །ཡུམ་གྱི་བསྟོད་པ་དྲི་མ་མེད་པའི་རྒྱན་རྣམས་གྲགས་པས་མཛད་པ། བདག་མེད་བསྟོད་པའི་འགྲེལ་པ་ས་པཎ་གྱིས་མཛད་པ་སྟེ་ཀུན་ཏུ་དགོས་པའི་གཞུང་བདུན་དུ་གྲགས་པ་རྣམས་ཐུགས་ལ་བཟུང་ནས་རྒྱུག་འབུལ་བ་སོགས་མཛད་ཅིང༌། དེ་རྣམས་ཀྱང་ཐུགས་ལ་བཟུང་ལོ་ཙམ་མ་ཡིན་པར་ཚིག་དོན་གྱི་གོ་བ་དང༌། མཐའ་དཔྱོད་སོགས་མཐིལ་ཕྱིན་པར་མཛད་པ་ཡིན་ནོ། །གཞན་ཡང་ཐར་རྩེ་རང་དུ་བཞུགས་པའི་ཕྱག་དཔེ་རྣམས་ལ་ཆུང་ངུའི་དུས་ལྟ་རྟོག་མ་བྱས་པ་མེད་ཅེས་རྗེ་རང་གི་ཞལ་སྔ་ནས་གསུངས་ཞེས་ཐོས་ལ། གོང་དུ་སྨོས་པའི་གཞུང་དེ་རྣམས་ཐུགས་འཛིན་གནང་བའི་ཚེའང་ཉིན་རེར་ཤོག་བུ་མདའ་ཚད་མ་བཞི་རེ་ཆག་མེད་དུ་ཐུགས་ལ་བཟུང་བ་སོགས་གཞོན་ནུའི་དུས་ནས་མཁྱེན་རབ་ཀྱི་ཀློང་ཆེན་པོ་བརྡོལ་བ་ཡིན་ནོ། །དེར་མ་ཟད་སྐུ་ན་ཆུང་ངུའི་དུས་དགེ་རྒན་སོགས་སྐུལ་ལྕག་ཞུ་མཁན་སུ་ཡང་མེད་རུང༌། སྔོན་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་ཤེར་ཕྱིན་གྱི་ཆོས་ཚོལ་བ་ན། བཟའ་བ་དང་བཏུང་བ་ལ་སོགས་པ་ཅིའང་ཡིད་ལ་མི་བྱེད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབའ་ཞིག་ཡིད་ལ་སེམས་པ་ལྟར། དུས་ཐམས་ཅད་དུ་ལེ་ལོ་དང༌། རྣམ་གཡེང་མེད་པར་ཡང་སྲིད་ཀུན་ཏུ་གོམས་པའི་བརྩོན་འགྲུས་ཀྱི་བརྟུན་པ་དྲག་པོས་ཕྱག་དཔེའི་གཟིགས་རྟོག་ཁོ་ན་ལས་སྐད་ཅིག་ཀྱང་གཡེལ་བ་མེད་པ་ཡིན་ཏེ་རྗེ་རང་གི་ཞལ་ནས་ཀྱང༌། ངེད་ཆུང་ངུའི་དུས་ས་སྐྱར་ཆོས་ཞུ་སོགས་ལ་བགྲོད་སྐབས་ཀྱང༌། ཉིན་མོ་དབང་ལུང་ཞུ་བ་སོགས་ཀྱིས་དཔེ་ཆ་ལྟ་ལོང་མ་བྱུང་རུང༌། མཚན་མོ་སྣང་གསལ་གྱི་ངོས་སུ་ཤོག་ལྡེབ་རེ་མ་ཆག་