R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༢༨
[A:༢༨]པར་བློ་ལ་བཟུང་བ་ཡིན་ཞེས་གསུང་ངོ་ཞེས་ཐོས་ལ། རྟོགས་པའི་ཡོན་ཏན་གྱི་དབང་དུ་བྱས་ནའང༌། དགུང་ལོ་བཅུ་གཉིས་པར་སོན་པའི་སྐབས་ཤིག་ཏུ། ཨེ་ཝྃ་ཐར་རྩེའི་གཟིམ་ཆུང་བསམ་གཏན་ཡང་རྩེར་གྲགས་པའི་རྟེན་གསུམ་རྣམས་ལ་མཆོད་བཤམ་ཞིག་མཛད་པའི་ཚེ། ཕྱི་རོལ་གྱི་སྣང་བ་ཐམས་ཅད་སེམས་ལས་ལོགས་ན་མེད་ཅིང༌། སེམས་དེའང་སྐྱེ་འགག་གནས་གསུམ་དང་བྲལ་ཞིང༌། ཁ་དོག་དང་དབྱིབས་སུ་མ་གྲུབ་པའི་སྟོང་པ་དང༌། གསལ་བ་ཟུང་དུ་འཇུག་པའི་གནས་ལུགས་བརྗོད་པའི་ཡུལ་ལས་འདས་ལ། དེ་ཉིད་ཐབས་ཀྱིས་ཟིན་མ་ཟིན་གྱི་རྐྱེན་གྱིས་འཁོར་འདས་ཀྱི་རྒྱུ་སོ་སོར་བྱེད་པའོ་སྙམ་པ་ཐུགས་རྒྱུད་ལ་འཁྲུངས་ཤིང༌། དེ་ཕྱིན་ཆད་བྱ་བ་གང་ལའང་ལྟ་བ་བརྗོད་བྲལ་གྱི་རྩི་དང་མ་བྲལ་བ་ཡིན་ཞེས་རྗེ་འདི་ཉིད་ཀྱི་ཞལ་སློབ་རྫུན་མེད་པ་དག་གི་ངག་ལས་ཐོས་ལ། ཡང་འགའ་ཞིག་གིས་ནི། སྐུ་ཆུང་ངུའི་དུས་ཅུང་ཟད་ཅིག་བསྙུན་པར་གསོལ་སྨན་སོགས་ཀྱིས་རིམ་དྭངས་སུ་གྱུར་ཏེ། དེའི་རྐྱེན་གྱིས་དབུ་མའི་ལྟ་བ་ཕྱིན་ཅི་མ་ལོག་པ་ཐུགས་རྒྱུད་ལ་འཁྲུངས་པ་ཡིན་ཞེས་ཟེར་རོ། །གཞན་ཡང་དེ་སྐབས་སུ་མ་འོངས་པ་ན་བོད་ཆེན་པོའི་ལྗོངས་སུ་བྱོན་ནས་བསྟན་འགྲོའི་དོན་མཛད་དགོས་པའི་རྟགས་ཀྱང་ཤིན་ཏུ་གསལ་བ་མང་པོ་བྱུང་བར་མངོན་ནོ་ཞེས་འགའ་ཞིག་གིས་གླེང་ངོ༌། །དོན་དེ་རྣམས་ལ་དགོངས་ནས་སྟོབས་ཀྱི་འཁོར་ལོས་སྒྱུར་བ་སྡེ་དགེ་བླ་ཆེན་རིགས་ལྡན་ཆེན་པོ་བྱམས་པ་ཀུན་དགའ་སངས་རྒྱས་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི་རྗེ་འདིའི་རྣམ་ཐར་གསོལ་འདེབས་བྱིན་རླབས་ཆར་རྒྱུན་འཇོ་བའི་སྤྲིན་ཕུང་ལས་ཀྱང༌། མགོན་པོས་བྱང་ཆུབ་མངོན་དུ་མཛད་ཟིན་ཀྱང༌། །འགྲོ་མང་རྣམ་གྲོལ་གོ་སར་དབུགས་དབྱུང་ཕྱིར། །པད་དཀར་འཛིན་པས་