[A:༢༩]བྱིན་བརླབས་གངས་རིའི་ལྗོངས། །མཁས་པ་བྲང་ཏིའི་གདུང་དུ་འཁྲུངས་ལ་འདུད། །གཞོན་ནུའི་དུས་ནས་བྱིས་པའི་སྤྱོད་ལས་འདས། །སྔོན་གནས་རྗེས་དྲན་རིགས་དྲུག་སྡུག་བསྔལ་གཟིགས། །ནད་ཀྱིས་གདུང་བར་རྟེན་འབྲེལ་སྨན་གྱིས་གསོས། །སྣང་སེམས་ཆོས་ཀུན་སེམས་སུ་རྟོགས་ལ་འདུད། །ཡི་གེའི་ཕྱི་མོ་སུམ་ཅུ་གཟིགས་ཙམ་གྱིས། །ཚིག་དོན་མ་ལུས་ཐུགས་ཆུད་མགོན་པོ་ཁྱོད། །ཐུན་མིན་གདུལ་ཞིང་བོད་ཆེན་རྒྱལ་ཁམས་ཉིད། །རྟེན་འབྱུང་གསལ་བར་གྱུར་པ་དེ་ལ་འདུད། །རྒྱལ་བའི་དགོངས་དོན་མ་འཁྲུལ་སྟོན་པའི་མཆོག །རྒྱལ་བ་གཉིས་པ་ས་སྐྱའི་གོང་མ་ལྔ། །རྒྱལ་བས་ལུང་བསྟན་ངོར་ཆེན་རྡོ་རྗེ་འཆང༌། །འཁྲུལ་ཟད་བཞེད་སྲོལ་མཆོག་དེར་ཞུགས་ལ་འདུད། །ཅེས་སོགས་གསུངས་པ་ཡིན་ནོ། །འཕགས་རྣམས་སྲིད་པར་གནས་བཅས་ཀྱང༌། །འཁོར་བའི་སྐྱོན་གྱིས་རེག་མིན་ཏེ། །པདྨོ་འདམ་ལས་སྐྱེས་གྱུར་ཀྱང༌། །འདམ་གྱི་དྲི་མས་བསྒོས་པ་མེད། །གཞོན་ནུ་ཉིད་ནས་ལེགས་བྱས་ཀྱི། །ཡོན་ཏན་མང་པོས་དམ་བཟུང་བ། །མཐོང་ཚེ་ཉི་དང་ཟླ་བས་ཀྱང༌། །སྤྲོ་བའི་འོད་ཟེར་འབྱིན་པ་འདྲ། །འོག་མིན་གཉིས་པའི་དགའ་ཚལ་ན། །ཞབས་ཀྱི་མེ་ཏོག་རྣམ་བཀོད་པས། །དཀར་ཕྱོགས་སྐྱོང་བའི་སྦྲང་རྩིའི་བུའི། །སྙིང་ལ་རབ་དགའི་རྒྱལ་མཚན་ཚུགས། །མཁྱེན་རབ་སྣང་བའི་མུ་ཁྱུད་ཅན། །ཤེས་བྱའི་མཁའ་ལ་རྒྱུ་མཐོང་ནས། །གཏི་མུག་མུན་པ་རྣམ་སྐྲག་སྟེ། །ས་ལྷའི་ཕང་པར་ཐིམ་མམ་སྙམ། །རིང་ནས་མཛའ་བ་མི་ཕྱེད་པའི། །ལྟ་བའི་མཆོག་གྱུར་དབུ་མ་ཡང༌། །ཡིད་ཀྱི་བག་མར་སོན་པའི་མོད། །དངོས་འཛིན་འཁྲུལ་པའི་གདོན་ཀུན་ཞི།། །།སྤྱི་དོན་གཉིས་པ་རྟེན་རྣམ་པར་དག་པའི་ཆེད་དུ་རྒྱལ་བའི་བསྟན་པ་རིན་པོ་ཆེའི་