R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༣༠
[A:༣༠]སྒོར་ཞུགས་ནས་ཐོས་བསམ་སྒོམ་གསུམ་གྱིས་རང་རྒྱུད་གྲོལ་བར་མཛད་པའི་ཚུལ་ལ་གཉིས་ཏེ། ཚིགས་སྔ་མ་དགེ་ཚུལ་དུ་བསྒྲུབས་ཏེ་གསན་བསམ་སྒོམ་གསུམ་ཇི་ལྟར་མཛད་པའི་ཚུལ་དང༌། ཚིགས་ཕྱི་མ་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་བསྒྲུབས་ཏེ་ཉན་བཤད་སྒོམ་གསུམ་ཇི་ལྟར་མཛད་པའི་ཚུལ་ལོ། །དང་པོ་ནི། འདི་ལྟར་དགའ་བོ་རབ་ཏུ་བྱུང་བའི་མདོ་ལས། ཁྱིམ་པ་རྣམས་ནི་མེ་འོབས་ན་གནས་པ་ལྟ་བུའོ། །རབ་ཏུ་བྱུང་བ་རྣམས་ནི་བསིལ་ཁང་ན་གནས་པ་ལྟ་བུའོ། །ཞེས་གསུངས་པ་ལྟར་འཁོར་བ་མཐའ་དག་ནི་དུག་ཅན་གྱི་ཁ་ཟས་བཞིན་དུ་སྡུག་བསྔལ་གྱི་རྩ་བར་གཟིགས་ཤིང༌། དེ་ལས་ཐར་བར་བྱེད་པའི་ལམ་རྣམས་ཀྱི་གཙོ་བོ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཉིད་དུ་དགོངས་ལ། རྒྱལ་བའི་བསྟན་པ་འཛིན་པའི་སྐྱེས་བུ་རྣམས་ཀྱི་ཁྲོད་ནའང་ངུར་སྨྲིག་འཆང་བ་རྣམས་ནི་རྒྱུ་སྐར་གྱི་དབུས་ན་ཟླ་བའི་དཀྱིལ་འཁོར་བཞིན་དུ་རབ་དང༌། མཆོག་དང༌། ཕུལ་དུ་གྱུར་པར་གཟིགས་ནས། ངེས་པར་འབྱུང་བའི་ཐུགས་ཀྱི་ཀུན་སློང་རྣམ་པར་དག་པས་ཀུན་ནས་བསླངས་ཏེ། དགུང་ལོ་བདུན་པ་སྟོད་འགྲེལ་བའི་ལུགས་ཀྱི་བོང་བུ་ཞེས་པ། ལྗོངས་འདིར་དབང་ཐང་དང་བསྟུན་པའི་ལྕགས་མོ་ཡོས་བུའི་ལོར། ལེགས་པར་གསུང་པའི་ཆོས་འདུལ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་ཁང་གསར་མཁན་རིན་པོ་ཆེ་ངག་དབང་ཆོས་སྐྱོང་བཟང་པོར་མཁན་པོ་ཞུས། གཞན་ཡང་ལས་ཀྱི་སློབ་དཔོན་ལ་སོགས་པའི་དགེ་སློང་དུ་མ་དང་བཅས་པའི་དབུས་སུ། །དགེ་བསྙེན་གྱི་སྡོམ་པ་སྔོན་དུ་འགྲོ་བའི་སྒོ་ནས་ཁྱིམ་པའི་རྟགས་ཐམས་ཅད་ལམ་གཞི་མདོའི་རྩྭ་ལྟར་དོར། རབ་ཏུ་བྱུང་བའི་རྟགས་རྣམས་བུང་བས་སྦྲང་རྩི་ལེན་པ་བཞིན་དུ་ཡང་དག་པར་བླངས། དངོས་གཞི་དགེ་ཚུལ་གྱི་སྡོམ་