[A:༥༠]བ་འདེབས་པའི་སྐོར་གྱི་ལུང་དང༌། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་བླ་མ་རྒྱ་བོད་ཀྱི་ལོ་རྒྱུས་ནས་བཟུང༌། གནས་གསར་པ་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་ཀྱི་རྣམ་ཐར་འཇམ་མགོན་ཀུན་བློ་རང་གིས་མཛད་པའི་བར་གྱི་རྣམ་ཐར་སྐོར་རྣམས་ཀྱི་ལུང་རྗེ་འདིའི་གསན་ཡིག་སྡེ་དགེ་ཆོས་རྒྱལ་མཆོག་གིས་བསྒྲིགས་པའི་ནང་དུ་གསལ་བ་ལྟར་ལེགས་པར་གསན་པ་སྔོན་དུ་འགྲོ་བའི་སྒོ་ནས། ཉམས་མྱོང་ཚད་མ་རྒྱུད་ལ་སྐྱེད་པར་བྱེད་པའི་ཁྲིད་དངོས་ནི། རྡོ་རྗེ་འཆང་ཚར་པ་ཆོས་རྗེའི་གསུང་སྒྲོས་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གིས་ཟིན་བྲིས་སུ་མཛད་པའི་ཁྲིད་ཡིག་གསང་ཆེན་བསྟན་པ་རྒྱས་བྱེད་ཁའུ་བྲག་རྫོང་པའི་བཞེད་པ་མ་ནོར་བ་ལ་གཞི་བྱས། བུམ་དབང་རྨི་ལམ་མན་གྱི་ཁྲིད་འཕྲོ་ལུས་པ་རྒྱལ་དབང་ལྔ་པ་རིན་པོ་ཆེས་མཛད་པ་དང༌། སྣང་གསུམ་གྱི་སྐབས་སུ་འཇམ་དབྱངས་མཁྱེན་བརྩེའི་གསུང་ངག་བྱུང་ཚུལ་གྱི་ཟིན་བྲིས་ཀྱི་སྟེང་ནས་ཐོག་མར་མན་ངག་གི་བྱུང་ཚུལ་དང༌། བྱུང་བའི་ཆོས་ལ་བཤད་སྒྲུབ་བྱ་ཚུལ་གྱི་གསུང་བཤད་ཤིན་ཏུ་རྒྱས་པ་དང༌། གཞན་ཡང་གསུང་བཤད་ཀྱི་རྒྱབ་སྐྱོར་དུ་དགོས་པའི་ཡིག་ཆ་རྣམས་དམ་པའི་ཕྱག་གཞེས་ལྟར་མཛད་དེ། ལམ་གྱི་སྔོན་འགྲོ་སྣང་བ་གསུམ་གྱི་ཁྲིད་ཡིག་ཤིན་ཏུ་རྒྱས་པ་ཞག་ཉི་ཤུ་སྐོར་དང༌། དེ་སྐབས་རྣམས་སུའང་བླ་མ་ལྔ་བཅུ་པ་རྩ་འགྲེལ་རྣམས་ཀྱི་སྟེང་ནས་གསུང་བཤད་མཐིལ་ཕྱིན་པ་དང༌། སྡོམ་པ་ཉི་ཤུ་པ་རྩ་འགྲེལ་གྱི་སྟེང་ནས་གསུང་བཤད་ཞིབ་རྒྱས་དང༌། རྗེ་བཙུན་གྱི་སྡོམ་པ་ཉི་ཤུ་པའི་འགྲེལ་པ། རྩེ་མོས་མཛད་པའི་ཆོས་ལ་འཇུག་པའི་སྒོ་བཅས་ཀྱི་ལུང༌། དེ་ནས་མཎྜལ་ཚོམ་བུ་ལྔ་པ་ལ་བརྟེན་པའི་བརྒྱུད་པའི་ཁྱད་པར་གཉིས་ལྡན་གྱི་སེམས་བསྐྱེད་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་པའི་ཡིག་ཆ་ལྟར་དང༌། དེས་མཛད་པའི་ཡིག་ཆའི་སྟེང་ནས་སློབ་མ་རྗེས་འཛིན་སོགས་དབང་གི་མངོན་པར་རྟོགས་པ་བརྒྱད་དང་ལྡན་པའི་སྒོ་ནས་དཔལ་ཀྱེ་རྡོ་རྗེའི་རྡུལ་ཚོན་གྱི་དཀྱིལ་འཁོར་