R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༥༡
[A:༥༡]ཆེན་པོར། མུས་ཆེན་སེམས་དཔའ་ཆེན་པོས་མཛད་པའི་དབང་ཆུ་དང༌། ཚར་ཆེན་གྱི་དབང་ཆུའི་གསལ་བྱེད། དཀོན་མཆོག་ལྷུན་གྲུབ་ཀྱི་དབང་གི་མཚམས་སྦྱོར་ཆེན་མོ་སོགས་ཀྱི་སྟེང་ནས་རྒྱུ་དུས་ཀྱི་དབང་བསྐུར་བ་ཡོངས་སུ་རྫོགས་པ། མཁྱེན་བརྩེའི་ཡིག་སྟེང་ནས་ཨཥྟའི་བཟླས་ལུང་དང་བཅས་པ། དངོས་གཞི་གྲོལ་བྱེད་ཀྱི་ཁྲིད་ལ། ཐོག་མར་ལྟ་བས་སྤྲོས་པ་གཅོད་པའི་ཕྱིར་དུ་ཀུན་གཞི་རྒྱུ་རྒྱུད་ལ་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་བསྒོམ་པའི་ཁྲིད་དང༌། དེ་སྐབས་སུ་དམ་ཚིག་དང་སྡོམ་པའི་གསུང་བཤད་ཤིན་ཏུ་ཞིབ་པ་གྲགས་པས་མཛད་པའི་རྩ་ལྟུང་འཁྲུལ་སྤོང་གི་ལུང་དང་བཅས་པ། དེ་ནས་འཇམ་མགོན་ཨ་མེས་ཞབས་ཀྱི་ཡིག་ཆའི་སྟེང་ནས་བདག་མེད་ལྷ་མོ་བཅོ་ལྔའི་དབང༌། ལུས་ཐབས་རྒྱུད་ལ་དབང་བཞི་དང་འབྲེལ་བའི་ལམ་བཞི་ལས། ཐོག་མར་བུམ་དབང་དང་འབྲེལ་པ་ཕྱི་བསྐྱེད་རིམ་གྱི་ཁྲིད་སེམས་འཛིན་དང་བཅས་པ། བདག་ཆེན་གྱི་ཡིག་ཆའི་སྟེང་ནས་ལམ་དུས་ཀྱི་དབང་བསྐུར་བ་ཡིག་བརྒྱའི་བཟླས་ལུང་དང་བཅས་པ། དེ་རྗེས་གནང་བསྐྱེད་རིམ་གྱི་ཁྲིད་སེམས་འཛིན་དང་འབྲེལ་པ་སོགས་བུམ་དབང་གི་ལམ་ཡོངས་སུ་རྫོགས་པ། དེ་དག་གི་སྒྲོ་འདོགས་གཅོད་པའི་སྐབས་སུ་ཕྱི་ནང་གི་བསྐྱེད་རིམ། དབང༌། རབ་གནས། སྦྱིན་སྲེག་སོགས་ལམ་ཡོངས་སུ་རྫོགས་པ་ཆ་ལག་དང་བཅས་པའི་གསུང་བཤད་དཔྱིས་ཕྱིན་པ། གཏུམ་མོའི་བདེ་དྲོད་བསྐྱེད་པའི་སླད་དུ་ངག་ཆོས་པའི་ཡིག་ཆའི་སྟེང་ནས་བདག་མེད་ལྷ་མོ་བཅོ་ལྔའི་བྱིན་རླབས། དེ་རྗེས་གསང་དབང་དང༌། ཤེས་རབ་ཡེ་ཤེས་དང༌། དབང་བཞི་པ་དང་རྗེས་སུ་འབྲེལ་བའི་ལམ་ལ་སོགས་པ་མདོར་ན་ཉམས་ཁྲིད་ཟབ་མོ་ཡོངས་སུ་རྫོགས་པ་ཟླ་བ་དྲུག་གི་བར་དུ་གསན་ཅིང་དེ་དག་གི་བར་སྐབས་རྣམས་སུ། འཇམ་དབྱངས་མཁྱེན་བརྩེའི་ཡིག་ཆའི་སྟེང་