R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༥༩
[A:༥༩]རྗེ་བྲག་རྫོང་མ། ནང་གི་བྲག་རྫོང་དྲག་པོ་སྔགས་རྒོད། གསང་བའི་བྲག་རྫོང་སེམས་ཉིད་ཡེ་ཤེས་ཀྱི་འཁོར་ལོའི་རྩལ་འདོན་པ་སྟེ་ཟབ་ཁྲིད་ཆ་ལག་ཡོངས་སུ་རྫོགས་པ་དང༌། མུས་ཆེན་སངས་རྒྱས་རིན་ཆེན་གྱི་ཡིག་ཆའི་སྟེང་ནས་དཔལ་ལྡན་ལྷ་མོ་དུད་སོལ་མའི་ཕྱི་སྒྲུབ་ཐུན་མོང་བའི་རྗེས་གནང༌། རྔོག་བསོད་ནམས་བསྟན་འཛིན་གྱི་ཡིག་ཆའི་སྟེང་ནས་དུད་སོལ་མ་གསང་སྒྲུབ་ཐུན་མོང་མ་ཡིན་པ་ནན་ཆགས་མར་གྲགས་པའི་རྗེས་གནང་བཅས་དང༌། ལུང་ལ། ཚར་ཆེན་གྱིས་མཛད་པའི་ནག་པོ་ཆེན་པོའི་བླ་མའི་རྣལ་འབྱོར། བརྒྱུད་འདེབས་རྣམ་ཀུན་མཆོག་ལྡན། གཏོར་ཆོག་ཕྲིན་ལས་མྱུར་མགྱོགས་ཀྱི་ཕོ་ཉ། ལྷན་ཐབས་དངོས་གྲུབ་རོལ་མཚོ་བཅས་དང༌། གུར་གྱི་སྐོང་བ་ཆོས་ཉིད་མ། ལྷ་མོའི་སྐོང་བ་སྔོན་རྒྱལ་མ། ཞལ་གྱི་སྐོང་བ་ལེ་ཚན་ཕྱག་མཚན་འབུལ་སྐོང་དང་བཅས་པ། པུ་ཏྲའི་སྐོང་བ། སྟག་ཚང་བའི་སྐོང་བཤགས། བསྟོད་པ་སྲིན་གཟུགས་མའི་སྡེ་ཚན་སོགས་དང༌། ཚར་ཆེན་གྱིས་མཛད་པའི་བེཀྩེའི་གཏོར་སྐོང༌། དེའི་སྤྱན་འདྲེན་སྐོང་བ་ཟློག་པ་དང་བཅས་པ་ཅང་སྤེ་སེང་གེ་འབུམ་གྱིས་མཛད་པ། བཤགས་པ་བདེ་ཆེན་ཆོས་སྐུ། བསྟོད་པ་བུདྡྷ་བྷ་དྲས་མཛད་པ་སོགས་དང༌། རྗེ་རང་གིས་མཛད་པའི་ནག་པོ་ཆེན་པོ་ལ་ཀླུ་ཆེན་བརྒྱད་ཀྱིས་བསྐོར་བའི་ཆར་འབེབས་དང་རླུང་གནོན་གྱི་ལས་སྦྱོར་དང༌། གུར་ལྷ་བརྒྱད་ཀྱི་དྲག་པོའི་སྦྱིན་སྲེག་བཅས་ཀྱི་ལུང་དང༌། དཔལ་གསང་བ་འདུས་པའི་རྒྱུད་ནས་བསྟན་པའི་དཔལ་མགོན་ཞལ་བཞི་པ་བསྙེན་དུས་ཀྱི་རྗེས་གནང་སྔགས་འཆང་ཆེན་མོའི་ཡིག་ཆ་ལྟར་དང༌། ཚར་ཆེན་དང༌། ངག་ཆོས་པའི་ཡིག་ཆའི་སྟེང་ནས་ཞལ་དཀར་པོ་ཚེ་འཕེལ་གྱི་རྗེས་གནང་བཅས་དང༌། དཔལ་དུར་ཁྲོད་བདག་པོའི་ཆོས་སྐོར་ལ། དུར་ཁྲོད་བདག་པོའི་རྒྱུད་གསང་བ་སྙིང་གི་འཁོར་ལོ་ལེའུ་