[A:༦༡]ཅན་གྱི་མཁས་པ་རྣམས་ཀྱིས་མཛད་པའི་བསྟན་བཅོས་ཀྱི་སྐོར་ལ། རྡོ་རྗེ་འཆང་མིའི་གཟུགས་འཛིན་པ་དཔལ་ས་སྐྱའི་རྗེ་བཙུན་གོང་མ་ལྔའི་བཀའ་འབུམ་གྱི་ནང་ནས། འཕགས་ཡུལ་གྱི་གྲུབ་པའི་སློབ་དཔོན་མི་ཐུབ་ཟླ་བའི་རྣམ་འཕྲུལ་རྗེ་བཙུན་བསོད་ནམས་རྩེ་མོའི་བཀའ་འབུམ་པོད་གསུམ་ཡོངས་སུ་རྫོགས་པ་དང༌། རྒྱལ་བ་རྣམས་ཀྱི་གསུང་གི་གསང་བ་འཛིན་པ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་གསུང་རབ་གླེགས་བམ་དང་པོ་བཅས་དང༌། རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཆེན་པོ་ཐོགས་མེད་བཟང་པོ་དཔལ་གྱིས་མཛད་པའི་སྐོར་ལས། བསྟོད་ཚོགས་དང་གདམས་སྐོར་སོགས་ཉེར་མཁོ་འགའ་ཞིག་ཕྱོགས་གཅིག་ཏུ་བསྒྲིགས་པའི་པུསྟ་ཀ་གཅིག་དང༌། རྒྱལ་བའི་ལུང་གིས་ཟིན་པའི་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་བཀའ་འབུམ་པོད་བཞི་མ་ཡོངས་སུ་རྫོགས་པ་དང༌། མུས་ཆེན་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན་གྱི་བཀའ་འབུམ་པོད་གཅིག་དང༌། མདོ་སྔགས་སྨྲ་བའི་ཁྱུ་མཆོག་ཆེན་པོ་ཀུན་མཁྱེན་བསོད་ནམས་སེང་གེས་མཛད་པའི་ཟབ་མོ་སྔགས་ཀྱི་ཕྱོགས་གཙོ་བོར་གྱུར་པའི་བཀའ་འབུམ་པོད་བཞི་མ་རྣམས་དང༌། རྗེ་རང་གིས་མཛད་པའི་གསུང་ཐོར་བུ་འགའ་ཞིག་དང་བཅས་པའི་ལུང་ལེགས་པར་གསན་ཏོ། །དེ་ལྟར་གསན་པ་དེ་དག་ཀྱང་འོལ་སྤྱི་ཙམ་དུ་མ་ལུས་པར་ཕྱག་ལེན་ཕྲ་མོ་ཚུན་ཆད་ཀྱང་དཔྱིས་ཕྱིན་པར་མཛད་པ་ཡིན་ནོ། །མདོར་ན་རྗེ་ཡབ་སྲས་འདི་གཉིས་ནི་སྔོན་གྱི་དུས་ན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང༌། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱི་རྣམ་ཐར་དང་ཚུལ་མཚུངས་པར་ཡང་སྲིད་སྔ་མ་རྣམས་སུ་བླ་སློབ་ཀྱི་འབྲེལ་པ་ཟམ་མ་ཆད་པར་གྱུར་པ་ཞིག་ཡིན་པར་གོར་མ་ཆག་སྟེ། དེའང་རྗེ་འདིའི་རྩ་བའི་བླ་མ་ཐམས་ཅད་ཀྱི་ནང་ནས་ཐུན་མོང་མ་ཡིན་པའི་རིགས་བདག་ནི་འཇམ་མགོན་ཀུན་དགའ་བློ་གྲོས་པ་ཉིད་བཟུང་བར་མཛད་ཅིང༌། དེ་ནི་ངེས་པ་དོན་གྱི་རྡོ་རྗེ་