R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༦༢
[A:༦༢]འཆང་ཡིན་ལ་ཡིན་བཞིན་པར་ཐེ་ཚོམ་ཅུང་ཟད་ཀྱང་མི་མངའ། གཞན་རྐྱེན་གྱིས་དབྲོག་པར་མི་ནུས་པའི་དད་པ་དང་གུས་པ་བསམ་གྱིས་མི་ཁྱབ་པ་མཛད། འཇམ་པའི་དབྱངས་ཀུན་དགའ་བློ་གྲོས་པས་ཀྱང་སྤྱིར་རིས་སུ་མ་ཆད་པའི་བསྟན་པ་དེར་འཛིན་དང་བཅས་པ་ཐམས་ཅད་ལ་དག་སྣང་ཕྱོགས་མེད་དུ་གཟིགས་པ་དང༌། ལྷག་པར་སྙིང་ནས་ཆོས་བྱེད་པ་རྣམས་ལ་ཐུགས་བརྩེ་བའི་སྒོ་འཕར་ཡངས་པོར་ཕྱེ་བར་མཛད་པ་ཞིག་ཡིན་ནའང༌། དེའི་ནང་ནས་ངོར་པ་འདི་དཔལ་ལྡན་ས་སྐྱ་པའི་བསྟན་པའི་ལྕགས་རི་ལྟ་བུ་ཡིན་གསུངས་ནས། ངོར་པའི་མཁན་པོ་དང་ཞབས་དྲུང་སོགས་བྱོན་པའི་དུས་ཀྱང༌། རྗེ་རང་གིས་སྤོས་རེང་རེ་བསྣམས་ཏེ་གཟིམ་ཆུང་གི་སྒོ་ནང་བར་བསུ་བར་མཛད་པ་དང༌། ཞབས་འབྲིང་དྲུང་སྐོར་བ་རྣམས་ལ་གཟིམ་ཆུང་འགག་ཏུ་ཕྱག་དབང་ཞུར་བཅུག་པ་སོགས་གཟིགས་སྐྱོང་ཆེན་པོ་སྩལ་ཞིང༌། ལྷག་པར་རྗེ་འདི་ལ་རང་གི་རིགས་སྲས་གཅིག་དང་ཁྱད་པར་མེད་པའི་བྱམས་གཟིགས་རྒྱ་ཆེན་པོས་སྐྱོང་བར་མཛད་པ་ཡིན་ནོ། །དེའང་རྗེ་འདི་དང་པོ་ངོར་དུ་བྱོན་དུས་ཁུ་བོ་ཞབས་དྲུང་དཔལ་ལྡན་ཆོས་སྐྱོང་ནི་ཞི་བར་གཤེགས་ཚར། སྐུ་གསུང་ཐུགས་ཀྱི་རྟེན་ཙམ་ལས་ཟང་ཟིང་གི་ཕྱག་རྫས་སོགས་ཅིའང་མེད་པས། ཨེ་ཝྃ་པའི་གཙུག་ལག་ཁང་དུ་ཟླ་རེ་བཞིན་མ་ཆག་པར་གཏོང་རྒྱུའི་དུས་ཇ་རྣམས་དང༌། རང་གི་གསོལ་ཆས་སོགས་ཀྱང་གཞན་དག་ལས་བུན་ལེན་པ་ཁོ་ན་ལ་ལྟོས་དགོས་པ་ལ། ས་སྐྱ་ནས་འཇམ་མགོན་ཀུན་དགའ་བློ་གྲོས་ཀྱིས་རང་གི་རིགས་བདག་ཐར་རྩེ་ནམ་མཁའ་བསམ་གྲུབ་ཡིན་པས་དེའི་ཆོས་དམ་ལ་དགོངས་པ་དང༌། རྗེ་འདི་ལའང་ཐུགས་བརྩེ་བའི་སྒོ་ནས་ད་རང་ཐར་རྩེའི་དུས་ཇ་དེ་ཟད་རན་གསུངས་ནས། ལྗོན་འདབ་འཁོར་གཉིས་ཙམ་དང༌། མར་དེ་མཚུངས་བཅས་ཟླ་བ་ལྔ་དྲུག་རེའི་མཚམས་ནས་