R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༦༣
[A:༦༣]སྩོལ་བ་སོགས་ཞི་བར་མ་གཤེགས་ཀྱི་བར་ཆག་མེད་དང༌། ཁྱད་པར་ངའི་བླ་མ་བཞུགས་པའི་གཟིམ་ཆུང་གི་སྟེང་དུ་གཉྫི་ར་དང་རྒྱལ་མཚན་སོགས་མེད་པས་མི་འོང་གསུངས་ནས། རྗེ་འདི་དགུང་ལོ་བཅུ་དྲུག་པར་ཕེབས་པའི་ཚེ་གསེར་ཟངས་ལས་གྲུབ་པའི་གཉྫི་ར་གཅིག་དང༌། རྒྱལ་མཚན་གཉིས་རྣམས་སྩལ་ནས་རྟེན་འབྲེལ་གྱི་གནད་འགའ་ཞིག་དང་བཅས་ཏེ་གཟའ་སྐར་ལེགས་འཛོམ་གྱི་ཉིན་ཕོ་བྲང་གི་ཡང་སྟེང་དུ་བཙུགས་པས། ཞག་བདུན་ཙམ་གྱི་བར་ལ་འཇའ་ཟུག་པ་སྐྱེ་བོ་དད་པ་ཅན་ཕལ་ཆེར་གྱིས་མཐོང་བ་ཡིན་ཞེས་གྲྭ་རྒན་བློ་གཟུ་བོར་གནས་པ་འགའི་ངག་སྒྲོས་ལས་འབྱུང་ལ། གཞན་ཡང་སྨན་འདམ་ལས་གྲུབ་པའི་གུར། ཞལ། ལྷ་མོ། སྟག་ཞོན་རྣམས་ཀྱི་སྐུ་དང༌། བསེ་འབག་གི་ཞལ་ཆུ་ལས་གྲུབ་པའི་ཞལ་འབག་དང་བཅས་པ་དེང་སང་ཐར་རྩེ་རང་གི་མགོན་ཁང་དུ་བཞུགས་པ་འདི་རྣམས་སྩལ་བ་སོགས་མདོར་ན་ཆོས་དང་ཟང་ཟིང་གཉིས་ཀའི་བཀའ་དྲིན་ཚད་མེད་པས་བསྐྱངས་ཤིང༌། རྗེ་འདིའི་མཚན་ལའང༌། དཔལ་ལྡན་མཁས་གྲུབ། ཡིད་བཞིན་དབང་རྒྱལ། བཟང་པོ་ལྷུན་གྲུབ། ནམ་མཁའ་འཆི་མེད་དང་བཞི་སྩལ་ཏེ་མ་འོངས་པ་ན་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་བཟང་པོ་འབྱུང་བའི་ལུང་བསྟན་གྱིས་གཟེངས་བསྟོད་པར་ཡང་མཛད་དོ་ཞེས་ཐོས་ཤིང༌། ཡང་བློ་གཟུ་བོར་གནས་པ་ཕལ་ཆེར་གྱིས་ནི། འཇམ་མགོན་ཀུན་དགའ་བློ་གྲོས་པར་ངོར་ཆེན་རྡོ་རྗེ་འཆང་གིས་ཞལ་གཟིགས་ཏེ་ཁྱོད་ལ་སློབ་མ་བསྟན་འཛིན་གྱི་སྐྱེས་བུ་ཁྱད་པར་དུ་འཕགས་པ་ཞིག་འབྱུང་བར་འགྱུར་རོ། །ཞེས་ལུང་བསྟན་བྱུང་བ་དེ་ནི་རྗེ་འདི་ཡིན་པར་གདོན་མི་ཟ་ཞིང༌། དེ་ལ་བརྟེན་ནས་འཇམ་མགོན་ཀུན་དགའ་བློ་གྲོས་ཀྱིས་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་བསྟན་པ་མཐའ་དག་རྗེ་འདི་