R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༧༡
[A:༧༡]སོམ་ཉིའི་མདུད་པ་ཐམས་ཅད་གྲོལ་བར་མཛད་ལ། བསམ་པས་སྒྲོ་འདོགས་ཆོད་པ་རྣམས་ཀྱང་སྙན་བརྒྱུད་ཀྱི་གདམས་པ་ཟབ་མོས་བརྒྱན་ཏེ་རྩེ་གཅིག་ཏུ་ཐུགས་ཉམས་སུ་བཞེས་པར་མཛད་དེ། དགུང་ལོ་བཅུ་བདུན་པར་ས་སྐྱ་ནས་གསུང་ངག་རིན་པོ་ཆེའི་ཆོས་སྐོར་རྣམས་གསན་ཚར་མ་ཐག་ངོར་དུ་བྱོན་ནས། དཔལ་ཀྱེ་རྡོ་རྗེའི་གཞིའི་བསྙེན་པ་བཅུ་ཆའི་སྦྱིན་སྲེག་དང་བཅས་པ་སྟན་ཐོག་གཅིག་ཏུ་ཚང་བར་མཛད་ཅིང༌། གནས་སྐབས་གཞན་དུའང་འཇམ་དཀར་བསྙེན་པ་ཟླ་བ་གཅིག་ཙམ་དང༌། འབྱུང་འདུལ་གྱི་བསྙེན་པ་ཟླ་བ་གཅིག །འཇིགས་བྱེད་ཀྱི་བསྙེན་པ་ཟླ་བ་གསུམ། ཀུན་རིག་གི་བསྙེན་པ་ཟླ་བ་དྲུག་རྣམས་སོ་སོའི་ཁ་སྐོང་གི་སྦྱིན་སྲེག་དང་བཅས་པ་མཛད་ཅིང༌། འཇམ་དཀར་གྱི་སྐུ་མཚམས་སྐབས། པུསྟ་ཀ་མང་པོ་ཞལ་དུ་གསོལ་བའི་མནལ་ལམ་ལ་སོགས་པ་རྟགས་མཚན་ཁྱད་པར་ཅན་འགའ་ཞིག་བྱུང་ཞེས་རྗེ་རང་གི་ཞལ་སྔ་ནས་ཐོས་པའི་སྐུ་འཁོར་བ་དག་གི་ངག་ལས་འབྱུང་ཞིང༌། དུས་རྒྱུན་དུའང་ཡི་དམ་གྱི་ལྷ་མང་པོའི་བསྐྱེད་རིམ་དང༌། རྫོགས་པའི་རིམ་པ་མཚན་བཅས་དང༌། མཚན་མེད་ཀྱི་རྣལ་འབྱོར་དང༌། སྔགས་བཟླ་བ་དང༌། གཏོར་མ་འབུལ་བ་ལ་སོགས་པ་མདོར་ན་མཉམ་པར་གཞག་པ་དང༌། མཉམ་པར་མ་བཞག་པའི་རྣལ་འབྱོར་ཟབ་མོས་ཉིན་མཚན་ཁོར་ཡུག་ཏུ་འདའ་བར་མཛད་དེ། ཇི་སྐད་དུ། ཆུ་བོའི་རྒྱུན་ནི་རབ་འབབས་དང༌། །མར་མེའི་རྩེ་མོ་རབ་བཅིངས་ལྟར། །རྟག་ཏུ་དེ་ཉིད་རྣལ་འབྱོར་གྱིས། །ཉིན་དང་མཚན་དུ་མཉམ་པར་བཞག །ཅེས་གསུངས་པ་ལྟར་མཉམ་རྗེས་མེད་པར་ལྷ་སྔགས་ཏིང་ངེ་འཛིན་གྱི་རྣམ་རོལ་ཁོ་ན་ལས་མ་འདས་པས། ཐ་མལ་གྱི་རྣམ་པར་རྟོག་པ་ཅུང་ཟད་ཀྱང་སྐྱེ་བའི་གོ་སྐབས་མི་རྙེད་པ་ཡིན་ནོ། །གཞན་ཡང་