R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༧༢
[A:༧༢]དགུང་ལོ་བཅུ་དགུ་པ་མཛེས་བྱེད་ཀྱི་ལོར་ས་སྐྱ་ནས་འཇམ་མགོན་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཞིང་ཁམས་གཞན་དུ་འགྲོ་དོན་ལ་གཤེགས་པའི་ཚུལ་རྣམས་གསན་པས། ཐུགས་ཀྱི་ཆུ་གཏེར་སྐྱོ་བའི་རྦ་རླབས་དྲག་པོ་རབ་ཏུ་གཡོས་པའི་སྟོབས་ཀྱིས་ཉིན་གྲངས་མང་པོའི་བར་དུ་གསོལ་དང་འགགས་པ་སོགས་བྱུང་ནའང་ཐུགས་རྩེ་གཅིག་པས་གསོལ་བ་འདེབས་པ་དང༌། བླ་མ་མཆོད་པ་དང༌། རྒྱུད་སྡེ་ནས་བཤད་པའི་ཡི་དམ་གྱི་ལྷ་མང་པོའི་དཀྱིལ་འཁོར་བཞེངས་ཏེ་སྒྲུབ་ཅིང་མཆོད་པ་དང༌། བདག་ཉིད་འཇུག་ཅིང་དབང་བླང་བ་ལ་སོགས་པའི་སྒོ་ནས་བསོད་ནམས་ཀྱི་ཚོགས་རྒྱ་ཆེར་སྤེལ་བར་མཛད་དོ། །ངེས་འབྱུང་ཁྲིམས་འདི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞིར་གཟིགས་ཤིང༌། །རྟེན་འདི་ལས་ནི་རྒྱལ་རྣམས་ཀྱང༌། །བྱང་ཆུབ་བདུད་རྩི་བཞེས་མཐོང་སྟེ། །འདིར་སྣང་སྲིད་པའི་བདེ་བ་ལ། །ཁྱོད་ཀྱིས་མེ་འོབས་ལྟར་བལྟས་ནས། །ཙནྡན་ཟླ་འོད་བཞིན་བསིལ་བའི། །སོ་སོར་ཐར་པ་རབ་ཏུ་བཞེས། །ཁྱད་པར་བྱང་ཆུབ་སེམས་དཔའ་དང༌། །རིག་འཛིན་སྔགས་ཀྱི་སྡོམ་པ་ཡིས། །ཐུགས་ཀྱི་བང་མཛོད་ལེགས་བཀང་སྟེ། །རྒྱལ་ཀུན་དགྱེས་པའི་རྣམ་ཐར་བཟུང༌། །དེས་ན་ཤེས་བྱའི་ཆོས་ཀུན་ལ། །སྦྱངས་པའི་ངལ་བ་སྟོན་འདི་ཅི། །གཟུགས་སྐུའི་ལྗོན་བཟང་འཁྲུངས་ཙམ་ནས། །མཁྱེན་པའི་ལོ་འདབ་རྒྱས་མིན་ནམ། །འོན་ཀྱང་ཐམས་ཅད་གཟིགས་པ་ནི། །ཤེས་རབ་མཆོག་ལས་འཁྲུངས་པས་ན། །དེ་ཉིད་མངོན་དུ་འགྱུར་བའི་སླད། །ཐོག་མར་ཐོས་པ་བྱ་བཞེད་ནས། །འཇམ་དབྱངས་རིགས་སུ་འཁྲུངས་པ་ཡི། །འཇམ་དབྱངས་མི་ཡི་ཟོལ་འཛིན་པ། །འཇམ་དབྱངས་དེ་ལ་གུས་བཏུད་ནས། །འཇམ་དབྱངས་བཞིན་དུ་རང་ཡང་བྱས། །དེས་ཀྱང་བློ་གྲོས་མ་ཚིམ་པར། །ད་དུང་