[A:༧༣]འདྲེན་པ་གཞན་རྣམས་ལས། །ཆོས་ཀྱི་བདུད་རྩི་མང་གསོལ་བས། །མཁྱེན་པའི་ལང་ཚོ་རྒྱས་པར་མཛད། །དེ་ལྟའི་མང་ཐོས་སྐྱེད་ཚལ་ན། །བསམ་བྱུང་རིག་པའི་སྨིན་ལེགས་མས། །ཟུར་མིག་ཡོན་པོར་བསྐྱོད་པ་ཡིས། །མ་ནོར་དོན་གྱི་མཛའ་བོ་བཀུག །ཚུལ་དེ་སྒོམ་པའི་གོམ་སྟབས་ཀྱིས། །རྣམ་གྲོལ་ནོར་བུའི་ཐེམ་སྐས་ལ། །དལ་གྱིས་འཛེགས་པའི་དགེ་མཚན་གྱིས། །འཁོར་བ་མིང་གི་མཐའ་རུ་བསྐྱལ།། །།གཉིས་པ་ཚིགས་ཕྱི་མ་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་བསྒྲུབས་ཏེ་ཉན་བཤད་སྒོམ་གསུམ་ཇི་ལྟར་མཛད་པའི་ཚུལ་ནི། ཇི་སྐད་དུ་དུས་འཁོར་རྩ་རྒྱུད་ལས། གསུམ་ལས་དགེ་སློང་མཆོག་ཡིན་ཏེ། །འབྲིང་ནི་དགེ་ཚུལ་ཉིད་དུ་བརྗོད། །ཁྱིམ་ན་གནས་པ་ཐ་མ་ཡིན། །ཅེས་པ་ལྟར་སོ་སོར་ཐར་པའི་སྡོམ་པ་རིགས་བརྒྱད་ཀྱི་ནང་ནས་ཆེས་མཆོག་ཏུ་གྱུར་པ་ཡོངས་སུ་རྫོགས་པའི་དགེ་སློང་གི་དངོས་པོ་བསྒྲུབ་པར་བཞེད་ནས། དགུང་ལོ་ཉི་ཤུ་པ་འཕགས་པའི་ཡུལ་ན་ཀྲོ་དྷི་ཞེས་པ། བོད་སྐད་དུ་ཁྲོ་མོ་སྟེ་རྒྱ་རྩིས་པའི་ལུགས་ཀྱི་ཤིང་ཕོ་འབྲུག་གི་ལོའི་ཧོར་ཟླ་བཞི་པའི་ནང༌། ས་ལ་གནས་པའི་འོག་མིན་ཆེན་པོ་བོད་ཀྱི་རྡོ་རྗེ་གདན་དཔལ་ལྡན་ས་སྐྱའི་ཆོས་གྲྭ་ཆེན་པོར་ཕེབས་ཏེ། འདུལ་བའི་ལུགས་ཀྱི་དཔྱིད་ཟླ་གསུམ་པར་འདོད་པ་སྣྲོན་གྱི་ཟླ་བའམ་ཧོར་ཟླ་ལྔ་པའི་ཡར་ངོའི་གྲལ་ཚེས་བཅུ་གཉིས་ཀྱི་སྔ་དྲོའི་ཆར། འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པའི་གཟིམ་ཆུང་ལྷ་ཁང་བླ་བྲང་དུ། མཁན་པོ་བསྟན་པ་རིན་པོ་ཆེའི་མངའ་བདག་བརྟན་མཁས་ཀྱི་ཡོན་ཏན་མང་པོ་ལ་དབང་བསྒྱུར་བའི་ལྷ་ཁང་མཁན་ཆེན་བྱམས་པ་སྦྱིན་པ་བཀྲ་ཤིས་དཔལ་བཟང་པོ་དང༌། ལས་ཀྱི་སློབ་དཔོན་བསྟན་པའི་གསལ་བྱེད་དམ་པ་བྱམས་པ་