[A:༧༧]ཏན་གྱི། །ནོར་བུའི་གླིང་ལ་དབང་བསྒྱུར་བའི། །མཁན་སློབ་དགེ་འདུན་བཅས་པ་ལས། །བསྙེན་པར་རྫོགས་པའི་བདུད་རྩི་བླངས། །དེ་ཚེ་ཞི་དང་ཉེར་ཞིའི་ཆུས། །ཐུགས་ཀྱི་བུམ་བཟང་རབ་བཀང་བས། །ཉེས་པར་སྤྱོད་པའི་དྲི་མ་རྣམས། །སྐྲག་ནས་ཕྱོགས་བརྒྱར་བྲོས་པ་བཞིན། །མཛེས་པར་བྱས་སོ་པདྨོའི་ཚལ། །ཉིན་མོར་བྱེད་པའི་འོད་ཀྱིས་ཏེ། །ལྷར་བཅས་འཇིག་རྟེན་ཐམས་ཅད་ཀྱང༌། །གང་གི་གྲགས་པའི་རྒྱན་གྱིས་སོ། །ཕྱི་ནང་རིག་པའི་སྤྲིན་གྱི་ལམ། །མཁྱེན་རབ་དགུ་ཚིགས་ཀྱིས་བཅིངས་པ། །འཇམ་དཔལ་ཁོ་ནའི་རྗེས་འགྲོ་སྟེ། །གཞན་པའི་དཔེར་འོས་ག་ལ་རྙེད། །ཨ་ཧོ་ལྷག་པའི་ལྷ་མང་པོ། །བསྙེན་ཅིང་སྒྲུབ་པའི་ལྡེ་མིག་གིས། །མཆོག་ཐུན་གྲུབ་པའི་བང་མཛོད་ཀྱི། །སྒོ་འཕར་མཐའ་དག་ཡངས་པོར་ཕྱེས། །ཁྱད་པར་འཇིགས་བྲལ་བི་རཱུ་པ། །སླར་ཡང་ལྗོངས་འདིར་བྱོན་པ་བཞིན། །ཟབ་རྒྱས་ཆོས་ཀྱི་སྨན་ཆེན་པོས། །འཁོར་བའི་རིམས་ནད་ཐམས་ཅད་འཕྲོག། །།སྤྱི་དོན་གསུམ་པ་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་ཕྱིར་བསྟན་པའི་བདག་པོ་ཆེན་པོར་མངའ་གསོལ་ནས་བསྟན་པ་དང་སེམས་ཅན་གྱི་དོན་རླབས་པོ་ཆེ་ཇི་ལྟར་མཛད་པའི་ཚུལ་ལ། ཐོག་མར་ཆོས་ཀྱི་རྒྱལ་སྲིད་ཆེན་པོར་མངའ་གསོལ་བའི་ཚུལ་དང༌། དེ་ནས་བསྟན་འགྲོའི་དོན་ཇི་ལྟར་མཛད་པའི་ཚུལ་གཉིས་ལས། དང་པོ་ནི། ཆོས་ཀྱི་རྗེ་འདིས་ནི་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་མཐའ་དག་བདག་གིར་མཛད་པ་ལ་བརྟེན་ནས། དེ་དུས་ཀྱི་མཁས་བཙུན་བཟང་གསུམ་གྱི་ཁྲོད་ན་ཇི་ལྟར་རིན་པོ་ཆེའི་གླིང་དུ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་ཆེས་ཁྱད་པར་དུ་འཕགས་པར་