[A:༧༨]གྱུར་པས། བློ་གཟུ་བོར་གནས་པ་ཐམས་ཅད་ཀྱིས་ད་ནི་རྗེ་འདི་ཁོ་ན་བསྟན་པའི་བདག་པོ་ཆེན་པོར་མངའ་གསོལ་བར་འོས་སོ་ཞེས་གླེང་བར་བྱེད་ཅིང༌། དེ་ནས་རིམ་པ་བཞིན་ཨེ་ཝྃ་པའི་བླ་ཁག་ཁང་ཚན་དང་བཅས་པ་རྣམས་ཕན་ཚུན་གཅིག་གིས་གཅིག་ལ་བགྲོས་ཏེ། དཔལ་ས་སྐྱའི་འཇམ་མགོན་དབང་སྡུད་སྙིང་པོའི་གསེར་སྙན་རིན་པོ་ཆེར་སྤྲོན་པ་ན། དེས་ཀྱང་བཀའ་མཆིད་རིན་པོ་ཆེ་དབྱངས་ཀྱི་རྒྱལ་མོའི་རྒྱུད་མངས་ནས་དྲངས་པ་ལྟ་བུ་དཔལ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་གཞུང་ས་དགའ་ལྡན་ཕོ་བྲང་པ་ཆེན་པོར་གསོལ་བར་མཛད་ཅིང༌། དེ་ལྟར་གསོལ་བ་ན་གཞུང་ས་མཆོག་ནས་ཀྱང༌། རྗེ་འདི་ལ་རྒྱལ་བའི་ལུང་གིས་ཟིན་པའི་ངོར་ཆེན་ཀུན་དགའ་བཟང་པོའི་ཆོས་ཀྱི་ཁྲིར་ཞབས་བཀོད་དེ། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་གྲུ་ཆར་ལྷུག་པར་ཕོབ་ལ་གདུལ་བྱ་རྣམས་ཀྱི་རྣམ་པར་གྲོལ་བའི་ལོ་ཏོག་རྒྱས་པར་གྱིས་ཤིག །ཅེས་བཀའ་སྩལ་རིན་པོ་ཆེ་གསེར་གྱི་ཅོད་པན་ལྟ་བུ་ཤིན་ཏུ་ལྕི་བ་སྤྱི་བོར་ཕེབས་པ་དང་ཆབ་ཅིག །དཔལ་ས་སྐྱའི་འཇམ་མགོན་ཆེན་པོས་ཀྱང་བཀའ་ལུང་རིན་པོ་ཆེ་ལྷའི་རྔ་བོ་ཆེ་ལྟར་ལྡིར་བ་དང༌། ངོར་པའི་བླ་གྲྭ་ཚང་མས་ཀྱང་གུས་ཕྱག་གི་ཕྲེང་བ་རབ་ཏུ་བརྩེགས་པའི་སྒོ་ནས་མགྲིན་གཅིག་ཏུ་གསོལ་བ་ཕུར་ཚུགས་སུ་བཏབ་པ་ན། སྤྱིར་དེ་སྐབས་ཀུན་ཏུ་བལ་བོད་དམག་འཁྲུགས་ཀྱི་འུར་ཟིང་ཤིན་ཏུ་ཆེ་བས་བསྟན་འགྲོའི་དོན་བྱ་བའི་དུས་སུ་མ་གྱུར་ཀྱང༌། སྔོན་བདག་ཅག་གི་སྟོན་པས་བྱང་ཆུབ་ཏུ་ཐུགས་བསྐྱེད་ཅིང་ཞིང་བཟུང་བའི་ཚེ། དེ་བཞིན་གཤེགས་པ་གཞན་རྣམས་ཀྱིས་ཡོངས་སུ་སྤངས་པའི་སྙིགས་མ་ལྔ་བདོ་བའི་དུས་སུ་འཚང་རྒྱ་བར་སྨོན་ལམ་བཏབ་པ་ལྟར། རྗེ་འདིས་ཀྱང་རྣམ་འདྲེན་གཞན་གྱིས་ཡལ་བར་དོར་བའི་དུས་འདི་ལྟ་བུར་རང་ཉིད་ཀྱིས་བསྟན་པ་དང་སེམས་