[A:༧༩]ཅན་ལ་ཅི་ནུས་ཀྱིས་ཕན་གདགས་པར་བཞེད་ནས་ཞལ་གྱིས་བཞེས་ཏེ། ལེགས་སྦྱར་གྱི་སྐད་དུ་ས་མྱ་ཞེས་པ་བོད་སྐད་དུ་ཞི་བ་སྟེ་ལྗོངས་འདིར་དབང་ཐང་དང་བསྟུན་པའི་མིང་ས་མོ་བྱའི་ལོར་གྲགས་པའི་ཧོར་ཟླ་བཅུ་པའི་གྲལ་ཚེས་ཉེར་ལྔའི་ཉིན་དཔལ་ཨེ་ཝྃ་ཆོས་ལྡན་གྱི་གནྡྷོ་ལ་ཆེན་པོར། ས་སྐྱའི་སྐུ་ཚབ་དང༌། ངོར་གྱི་བླ་བྲང་ཁག་རྣམས་དང༌། དགེ་འདུན་འདུས་པ་རྒྱ་མཚོའི་ཚོགས་དང་བཅས་པ་སྤྲིན་གྱི་ཕུང་པོ་གཏིབས་པ་ལྟ་བུའི་དབུས་སུ། སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་ངོར་ཆེན་རྡོ་རྗེ་འཆང་ཆེན་པོས་མདོ་དང་སྔགས་ཀྱི་ཆོས་འཁོར་རྒྱུན་ཆད་མེད་པར་བསྐོར་བའི་གནས། མི་འཇིགས་པ་བཞི་དང་ལྡན་པའི་བརྡར་སེང་གེ་ཆེན་པོ་བརྒྱད་ཀྱིས་མངོན་པར་བཏེག་པའི་ཆོས་ཀྱི་ཁྲི་འཕང་མཐོན་པོར། ཞབས་མཐིལ་པདྨ་རཱ་ག་ཞུ་བའི་ཁུ་བས་ལན་བརྒྱར་བྱུགས་པ་ལ་ཅོ་འདྲི་བ་ལ། སླར་ཡང་བཀྲ་ཤིས་པའི་རི་མོས་མཛེས་པར་འཁྱུད་པ་གང་དེ་རྣམ་པར་བཀོད་དེ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་སྐུ་ལུས་དྲང་པོར་སྲོང་བ་ལ་སོགས་པ་རྣམ་པར་སྣང་མཛད་ཀྱི་ཆོས་བདུན་དང་ལྡན་པའི་བརྟུལ་ཞུགས་སུ་གནས་པ་ན། ཐོག་མར་ས་བཟང་འཕགས་པས་ངོར་ཆེན་རྡོ་རྗེ་འཆང་ཆེན་པོས་སྩལ་བའི་ཆོས་དུང་དང༌། གསུང་ངག་ལམ་འབྲས་ཀྱི་གླེགས་བམ། བཀྲ་ཤིས་པའི་རྫས་བརྒྱད་ལ་སོགས་པ་སྔོན་དུ་འགྲོ་བའི་སྒོ་ནས་དཔལ་ལྡན་ས་སྐྱའི་ལེགས་འབུལ་དང༌། ངོར་གྱི་བླ་བྲང་ཁག་རྣམས་དང༌། ཁང་ཚན་སོ་སོ། གྲ་རིགས་སྦྱིན་བདག་དང་བཅས་པ་རྣམས་ནས་རང་རང་གི་འབྱོར་བ་དང་བསྟུན་པའི་ལེགས་འབུལ་གྱི་དངོས་པོ་རྒྱ་ཆེ་བ་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལ་འགྲན་པ་ལྟ་བུའི་སྒོ་ནས། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་རྒྱལ་སྲིད་རིན་པོ་ཆེ་རྣམ་པ་བདུན་