[A:༨༠]གྱིས་མངའ་གསོལ་བ་ལྟར་ཆོས་ཀྱི་རྒྱལ་སྲིད་ཆེན་པོར་ཡོངས་སུ་མངའ་གསོལ་བས་སྐལ་པ་བཟང་པོའི་དུས་སྟོན་དགུང་ལ་རེག་པར་གྱུར་ཏོ། །དེ་ལྟར་བགྱིས་པའི་དགེ་བ་རང་རང་གི་རྒྱུད་ལ་ཇི་སྙེད་ཅིག་མཆིས་པ་རྣམས་ཀྱང་བར་མ་དོར་ཆུད་མི་ཟ་བའི་ཕྱིར་དུ་འཁོར་གསུམ་རྣམ་པར་དག་པའི་བསྔོ་བའི་རྒྱས་འདེབས་པ་སོགས་མཛད་ཅིང༌། དེ་ལྟ་བུའི་དུས་ཀྱི་ཚེའང་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་ཤིས་པ་བརྗོད་པའི་རྒྱལ་རྔ་དལ་གྱིས་བརྡུངས་པར་གདོན་མི་ཟ་ཞིང༌། ནམ་མཁའི་ཁམས་ཐམས་ཅད་ཀྱང་འཇའ་སྤྲིན་སྲབ་མོས་ཁེབས་པ་ལ་སོགས་པ་ངོ་མཚར་བའི་ལྟས་མང་དུ་བྱུང་བ་ཡིན་ནོ། །འོད་ཀྱིས་ཟླ་བཞིན་ཟླ་བ་ཡིས། །མཚན་མོ་མཛེས་པའི་དཔལ་ཇི་བཞིན། །མཁྱེན་བརྩེ་ནུས་པ་མཐའ་ཡས་པས། །འདྲེན་པ་ཁྱོད་ལ་དཔལ་རབ་འཛིན། །དེ་སླད་ལྷ་ཀླུ་མི་བཅས་ཀྱིས། །མཆོད་པའི་ཁྱད་པར་མང་ཐོགས་ནས། །ཐུབ་དབང་ཆོས་ཀྱི་རྒྱལ་སྲིད་ལ། །མངའ་གསོལ་དུས་ཀྱི་ཉི་མ་ཤར། །དེ་ཚེ་དགེ་མཚན་བརྒྱ་ཕྲག་གིས། །ཕྱོགས་ཀུན་དོག་པོར་བཀང་བ་འདིས། །སྲིད་གསུམ་བྱེད་པོར་རློམ་རྣམས་ཀྱི། །ཁེངས་པའི་རི་བོ་བསྙིལ་གྱིས་དོགས། །དེ་ལྟའི་ངོ་མཚར་རྨད་བྱུང་བར། །འགྲན་ཕྱིར་ཕྱོགས་བཅུའི་རྒྱལ་རྣམས་ཀྱིས། །ཤིས་པར་བརྗོད་པའི་ཏམྦུ་ར། །སྦྲེང་བའི་ངལ་བ་འཛིན་མིན་ནམ། །ཨེ་མ་ཕན་བདེའི་ཆུ་གཏེར་ནི། །དབྱར་གྱི་མཚོ་ལ་འགྲན་པ་བཞིན། །སྡུག་བསྔལ་བ་དང་བདུད་ཀྱི་སྡེ། །དགུན་གྱི་མེ་ཏོག་བཞིན་དུ་གྱུར།། །།གཉིས་པ་བསྟན་འགྲོའི་དོན་ཇི་ལྟར་མཛད་པའི་ཚུལ་ལ་བཞི་སྟེ། ཀུན་མཁྱེན་ཨེ་ཝྃ་པ་ཆེན་པོའི་གདན་སར་བཞུགས་ནས་བསྟན་པའི་བགྱི་བ་ཇི་ལྟར་མཛད་པའི་ཚུལ། སྡེ་དགེ་ཆོས་རྒྱལ་ཆེན་པོས་སྤྱན་དྲངས་ཏེ་མདོ་ཁམས་