[A:༨༤]སྟོབས་ནུས་པའི་བདག་ཉིད་ཆེན་པོར་བཞུགས་པས་དེའི་ཐུགས་རྗེ་དང་བྱིན་རླབས་ཁོ་ན་ཡིན་ནོ་ཞེས་མགྲིན་གཅིག་ཏུ་གླེང་བར་བྱེད་ཅིང༌། གང་ལྟར་ཡང་དུས་ཀྱི་འཁྲུགས་ལོང་དེ་ལྟ་བུའི་སྐབས་དེར་ཡུལ་དགོན་ཐམས་ཅད་སྔར་གྱི་ས་ན་གནས་པ་གཅིག་ཀྱང་མེད་པ་ལ། ཨེ་ཝྃ་པའི་ཆར་གཏོགས་དང་བཅས་པ་ཐམས་ཅད་སྔར་མུ་ལྟར་གནས་པ་ནི་རྗེ་འདིའི་ཐུགས་རྗེ་ཁོ་ན་ཡིན་པར་གོར་མ་ཆག་གོ །དོན་འདི་ལ་བརྟེན་ནས་རིགས་ལྡན་ཆོས་ཀྱི་རྒྱལ་པོས་མཛད་པའི་རྣམ་ཐར་གསོལ་འདེབས་ལས་ཀྱང༌། ཡོན་ཏན་འབྱུང་གནས་ཨེ་ཝྃ་གཙུག་ལག་ཏུ། །ས་གསུམ་ཟིལ་གནོན་པད་རཱག་གཟི་འབར་བའི། །རྡོ་རྗེའི་ཁྲི་ལ་རྒྱལ་བ་ངོར་ཆེན་རྗེའི། །རྒྱལ་ཚབ་མངའ་གསོལ་བསྟན་པའི་བདག་པོར་འདུད། །ངོར་བསྟན་ཉམས་གསོ་འཛིན་སྐྱོང་རྒྱ་ཆེར་སྤེལ། །འདུས་པར་སྡོམ་པ་གསུམ་གྱི་བཀའ་དྲིན་སྩལ། །ས་དབང་སྡེ་དགེས་གུས་མཆོད་ཏི་ཤྲཱིར་བཀུར། །རླབས་ཆེན་ཕྲིན་ལས་སྐྱོང་བ་མཆོག་དེར་འདུད། །ནཻ་པ་ལ་ཡི་ཕྲུ་མས་དབུས་གཙང་གི །དྲེགས་ལྡན་ཕལ་ཆེར་འཇིགས་ཤིང་ཀུན་དཔའ་ཞུམ། །འཕགས་ཆེན་བྱང་ཆུབ་སེམས་དཔའ་ཁྱོད་ཀྱི་མཐུས། །ངོར་དགོན་ལྟོས་བཅས་འཚེ་བྲལ་མཛད་ལ་འདུད། །སྙིགས་མའི་རང་རྟགས་ནད་ཡམས་ལ་སོགས་ཀྱི། །བར་ཆད་ཀུན་ལས་རྣམ་པར་རྒྱལ་གྱུར་ཏེ། །སྐྱེ་དགུའི་བསོད་ནམས་ཞིང་དུ་བརྟན་བཞུགས་པའི། །བྱམས་པ་ནམ་མཁའ་འཆི་མེད་ཞབས་ལ་འདུད། །ཅེས་གསུངས་པ་ཡིན་ནོ། །འཆི་མེད་ལམ་དུ་མི་རྒྱུ་ཞིང༌། །པདྨོ་རྒྱས་པར་མི་བྱེད་པའི། །ཁྱོད་གསུང་ཆོས་ཀྱི་ཉི་མ་ཡིས། །སྲིད་ཞིའི་མུན་སྟུག་ཀུན་ནས་གསལ། །ཁྱད་པར་དུས་གསུམ་རྒྱལ་རྣམས་ཀྱིས། །གཤེགས་པའི་ལམ་ཆེན་གཅིག་