[A:༨༥]པུ་པ། །གསུང་ངག་བདུད་རྩིའི་གྲུ་ཆར་གྱིས། །ཐར་པའི་ལོ་ཏོག་རྒྱས་པར་བྱས། །དེ་སོགས་ཕྲིན་ལས་རྨད་བྱུང་བས། །ཐུབ་བསྟན་དར་ལ་བབས་མཛད་པའི། །ངོ་མཚར་སྲིད་པ་འདིར་ཤོང་བ། །ཁྱོད་ཀྱི་རྫུ་འཕྲུལ་ལས་གཞན་ཅི། །རྣོ་བའི་མཚོན་ཆ་མ་ཐོག་ཤིང༌། །སྲ་བའི་གོ་ཡང་མ་བགོས་པར། །ཐུགས་རྗེའི་ཆོ་འཕྲུལ་ཁོ་ན་ཡིས། །ཕས་ཀྱི་རྒོལ་བ་ཀུན་ལས་རྒྱལ། །འཇིགས་རུང་བདུད་སྡེའི་རླུང་དམར་གྱིས། །གངས་ལྗོངས་ཕལ་ཆེར་བསྐྱོད་པའི་ཚེ། །གང་གི་བྱིན་རླབས་ར་བ་ན། །ཚུད་ཀུན་བདེ་བའི་རྒྱལ་སྲིད་ཟིན། །དེ་ལྟའི་གྲགས་པ་མུ་ཏིག་དང༌། །ཁ་བ་དུང་ལྟར་རབ་དཀར་བ། །ཕྱོགས་ཀུན་རི་དྭགས་མིག་ཅན་མའི། །མཁུར་ཚོས་མཛེས་པའི་རྒྱན་དུ་བྱིན།། །།གཉིས་པ་སྡེ་དགེ་ཆོས་རྒྱལ་ཆེན་པོས་སྤྱན་དྲངས་ཏེ་མདོ་ཁམས་སྨད་ཀྱི་ཕྱོགས་སུ་བྱོན་ནས་བསྟན་འགྲོའི་དོན་ཇི་ལྟར་མཛད་པའི་ཚུལ་ནི། མདོ་ཁམས་སྡེ་དགེའི་རྒྱལ་ཁབ་ནས་སྟོབས་ཀྱི་འཁོར་ལོས་སྒྱུར་བ་ཡུམ་ཚེ་དབང་ལྷ་མོ་དང༌། ལྷ་སྲས་རིན་པོ་ཆེ་ཚེ་དབང་རྡོ་རྗེ་རིག་འཛིན་བཅས་ཀྱིས་དབུའི་མཆོད་གནས་ཞིག་གདན་འདྲེན་མ་ཞུས་ཐབས་མེད་དུ་དགོངས་ཤིང༌། དེའང་སྔོན་གྱི་དུས་ན་སྡེ་དགེའི་རྒྱལ་རབས་གོང་མ་སྒོམ་སྟོན་བསོད་ནམས་རིན་ཆེན་གྱིས་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེའི་གསོལ་དཔོན་གྱི་ཁུར་བཞེས་པ་ནས་བཟུང་ས་སྐྱ་པའི་བསྟན་པའི་སྦྱིན་བདག་ཏུ་གྱུར་པ་དང༌། དེ་རྗེས་མཚུངས་པ་མེད་པའི་བསོད་ནམས་དང༌། སྟོབས་ཀྱི་བདག་ཉིད་སྡེ་དགེ་བོ་ཐར་གྱི་དུས་སུ། ངོར་ཆེན་རྡོ་རྗེ་འཆང་གི་ཞལ་སློབ་ཏུ་གཏོགས་པའི་གྲུབ་ཆེན་ཐང་སྟོང་རྒྱལ་པོ་ཉིད་བླའི་མཆོད་གནས་སུ་བཀུར་ཞིང༌། གྲུབ་ཆེན་དེས་ལྷུན་གྲུབ་སྟེང་སྲིབ་དགོན་གྱི་ལྷ་ཁང་བཞེངས་པ་སོགས་ཐོག་མའི་རྟེན་འབྲེལ་དང༌། ཁྱད་པར་གནོད་