[A:༩༤] ཨ་ཚེ། ཕྱག་ཚ། མང་དགེ །འཇུ། འབུམ་ཤུལ། སེ་ཤུལ་སོགས་བརྒྱུད་སྒ་སྟོད་ཕྱོགས་སུ་ཚར་གསུམ་ཙམ་བྱོན་ཞིང༌། དེ་དག་སོ་སོར་ཡང་གདུལ་བྱ་རང་རང་གི་མོས་པ་དང་མཐུན་པའི་ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི་ཆོས་ཀྱི་འོད་ཟེར་ཆེན་པོ་རབ་ཏུ་བཀྱེས་ཏེ། མ་རྟོགས་པ་དང་ལོག་པར་རྟོག་པ་ལ་སོགས་པའི་གཏི་མུག་གི་མུན་པ་སྟུག་པོ་ནི་བསལ། འདོད་ཆགས་ཀྱི་མེ་ཕུང་འབར་བ་ནི་ཞི་བར་བྱས། ཞེ་སྡང་གི་མཚོན་ཆ་རྣོན་པོ་རྣམས་ནི་ལེགས་པར་བརྟུལ་ཏེ། འགྲོ་བ་ཆོས་ལ་མ་དད་པ་རྣམས་དད་པར་བྱས། དད་པ་རྣམས་སྨིན་པ་དང་གྲོལ་བའི་གྲོང་ཁྱེར་ཆེན་པོར་འཁྲིད་པ་སོགས་མདོར་ན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པར་མཛད་དོ། །གཞན་ཡང་དེ་སྐོར་གྱི་དགོན་པ་དང༌། ཁྱིམ་བདག་དད་པ་ཅན་རྣམས་ཀྱིས་གདན་དྲངས་པའི་ངོར་བྱོན་པ་དང༌། ལོ་བསྟར་བཞིན་མི་དབང་ཡུམ་རིན་པོ་ཆེ་དབྱར་གཟིགས་དང༌། ཛྃ་ཐོག་ཏུ་ཐོག་སྡུད་ཕེབས་པའི་ཚེ། རྐྱེན་སེལ་གྱི་ཁྲུས་དང་ཚེ་དབང་སོགས་འབུལ་བར་ཕེབས་དགོས་པ་མ་གཏོགས། གཞན་ལྷུན་གྲུབ་སྟེང་གི་ཕན་བདེ་ཀུན་ཁྱབ་གླིང་གི་བླ་བྲང་རང་དུ་བཞུགས་ནས། གཙོ་བོར་མི་བདག་སའི་ཚངས་པ་ཆེན་པོ་སྲས་ཡུམ་རྣམས་ཀྱི་དགོངས་བཞེད་ལྟར་གྱི་དབང་རྗེས་གནང་ཁྲིད། ལུང་ལ་སོགས་པ་གང་དགོས་རྣམས་འབུལ་བ་དང༌། ལོ་བསྟར་བཞིན་དགོན་དེའི་དྲུག་ཅུ་དང༌། འདུ་བ་ཆེན་པོ་ཞེས་པ་ངོར་ལུགས་དཀྱིལ་འཁོར་བདུན་གྱི་སྒྲུབ་མཆོད་ཚོགས་པའི་དབུ་བཞུགས་རྣམས་སྒ་སྟོད་དུ་ཕེབས་སྐབས་མ་གཏོགས་ཆག་མེད་དང༌། གཞན་ཡང་དེ་དག་གི་བར་སྐབས་རྣམས་སུ་དོན་དུ་གཉེར་བ་སོ་སོའི་བསམ་པ་དང་མཐུན་པར། སོ་སོར་ཐར་པའི་སྡོམ་པ་རྣམས་ཀྱི་རྩ་བ་ལྟ་བུར་གྱུར་པ་སྐྱབས་གསུམ་