R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༩༥
[A:༩༥]འཛིན་པ་དང༌། སྣ་གཅིག་སྤྱོད་པ་དང༌། སྣ་འགའ་སྤྱོད་པ་དང༌། ཕལ་ཆེར་སྤྱོད་པ་དང༌། ཡོངས་སུ་རྫོགས་པ་དང༌། ཚངས་པར་སྤྱོད་པའི་དགེ་བསྙེན་གྱི་སྡོམ་པ་དང་བསྙེན་གནས་ལ་སོགས་པ་ཤིན་ཏུ་མང་པོ་དང༌། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང༌། བློ་སྦྱོང་དང༌། ཞེན་པ་བཞི་བྲལ་གྱི་ཁྲིད་ལ་སོགས་པ་ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པའི་ཆོས་མང་པོ་དང༌། ཁྱད་པར་རིག་པ་འཛིན་པ་སྔགས་ཀྱི་སྡེ་སྣོད་ནས་བཤད་པའི་རིགས་གསུམ་སྤྱི་དང༌། ཚེ་དཔག་མེད་དང༌། མི་འཁྲུགས་པ་ལ་སོགས་པ་བྱ་བའི་རྒྱུད་མང་པོ་དང༌། འཇམ་དཔལ་ཨ་ར་པ་ཙ་ན་ལ་སོགས་པ་སྤྱོད་པའི་རྒྱུད་དང༌། དཔལ་ངན་སོང་སྦྱོང་བ་ལ་སོགས་པ་རྣལ་འབྱོར་གྱི་རྒྱུད་དང༌། གསང་བ་འདུས་པ་རིགས་གསུམ་དང༌། གཤེད་དམར་དང་འཇིགས་བྱེད་ལ་སོགས་པ་ཕ་རྒྱུད་ཀྱི་སྐོར་དང༌། འཁོར་ལོ་བདེ་མཆོག་དང་རྡོ་རྗེ་རྣལ་འབྱོར་མ་ལ་སོགས་པ་ཤེས་རབ་ཀྱི་རྒྱུད་དང༌། དཔལ་ཀྱེ་རྡོ་རྗེ་ལ་སོགས་པ་གཉིས་སུ་མེད་པའི་རྒྱུད་དང༌། གཞན་ཡང་སྒྲུབ་ཐབས་བརྒྱ་རྩ་དང༌། རྒྱ་མཚོ་དང༌། སྣར་ཐང་བརྒྱ་རྩ་ལ་སོགས་པ་སྤྱི་བཀའི་སྐོར་ཏེ་དེ་རྣམས་ཀྱི་དབང་དང༌། རྗེས་གནང་དང༌། རིག་གཏད་དང༌། བྱིན་རླབས་དང༌། ཁྲིད་དང༌། ལུང་དང༌། ལག་ལེན་ལ་སོགས་པ་མདོར་ན་རྗེ་རང་ལ་ཇི་སྙེད་ཅིག་བཞུགས་པ་རྣམས་རེ་རེ་ནས་ལན་གྲངས་མང་པོའི་བར་དུ་སྩོལ་བར་མཛད་ཅིང༌། ལྷུན་གྲུབ་སྟེང་གི་གཙོས་ཆོས་རྒྱལ་མཆོག་གི་མངའ་འོག་ཏུ་གཏོགས་པའི་ས་དགོན་ཡོད་རིགས་ཕལ་ཆེ་བར་རིམ་གཉིས་ཀྱི་ཉམས་ལེན། ཆོ་གའི་ཕྱག་ལེན། གདངས་དབྱངས། ཐིག་རྡུལ་ཚོན། འབུད་རྡུང་དཀྲོལ་གསུམ་ཚུན་ཆད་མེད་པ་རྣམས་སྲོལ་བཏོད། མ་དག་པ་རྣམས་དག་པར་བྱས། དག་པ་རྣམས་གོང་ནས་གོང་འཕེལ་དུ་མཛད་པ་སོགས་དཔལ་ས་