[B:40a]པའི་དཔའ་བོ་གཏུམ་པོ་ཆེན་པོ་བྷ་ཊ་དང་། དམ་ཉམས་ཀྱི་ཤ་ཁྲག་གི་དྲི་ཚོར་ན་རྐན་སྒྲ་རྡེབ་ཅིང་རྒྱུག་པ་ལ་བརྩོན་པ་སྲིང་མོ་ཁྲག་མིག་མའོ། ། ཡར་ཁྱུའི་ནུབ་ཀྱི་གདོང་ན་མདུན་གྱི་རུ་འདྲེན་བུད་མེད་ནག་མོ་ཁྲོས་པ། དེའི་རྒྱབ་ན་གཡས་ཀྱི་རུ་འདྲེན་སྐྱེས་པ་སྟག་ཆས་ཀྱིས་བརྒྱན་པ། ཤར་གྱི་གདོང་ན་གཡོན་གྱི་རུ་འདྲེན་དགྲ་བཅོམ་མཁར་གསིལ་ཐོགས་པ། དེའི་རྒྱབ་ན་རྒྱབ་ཀྱི་རུ་འདྲེན་སྔགས་ནག་ཕུར་བུ་ཐོགས་པའོ། ། ཀ་གདོང་གཡས་[A:128]གཡོན་གཉིས་ན་ནག་པོ་ཆེན་པོ་ལྕམ་དྲལ་གྱི་འཆམ་སྐུ་ཁམས་གསུམ་ཟིལ་གྱིས་གནོན་པ་མེ་འབར་མར་གྲགས་པ་གཉིས་བཞུགས་སོ། ། དེ་ཡང་སྔར་གཙུག་ལག་ཁང་བཞེངས་དུས་ཀྱི་ལག་དཔོན་དང་། ཕྱིས་དཀོན་གཉེར་དཔོན་མཛད་པའི་རིག་འཛིན་གུ་རུ་སངས་རྒྱས་ཞེས་པ་སྐབས་ཤིག་ན་བར་ཆད་ཀྱི་རྣམ་པས། ཐེམ་མི་འདའི་མཆོད་རྫས་ཁམ་ཆེ་བ་འགའ་ཤས་ཁྱེར་དེ་ཕྱོགས་གཞན་དུ་བྱོན། དེ་དག་ཏུ་འཚུབ་འགྱུར་གྱི་རྣམ་པ་ཆེ་བས། སླར་བཤགས་སྔ་མ་དང་བཅས་ཏེ་མ་ཚང་བ་མེད་པར་ཕུལ་ན་ཡང་། དེ་རྗེས་འཆམ་སྐུ་ཆེ་བའི་ཞལ་རས་ལ་དྲི་ཕྱིས་བྱས་དུས་ཞལ་ནས་མེ་མངོན་སུམ་དུ་འབར་བས་སྔངས་ཤིང་སྐྲག་པར་གྱུར་ལ། དེ་ནས་མི་རིང་བར་སྐུ་ཚེའི་འདུ་བྱེད་བཏང་བས་དེ་ཕྱིན་ཆད་ནས་མེ་འབར་མར་གྲགས་པ་ཡིན་ནོ། ། དེ་གཉིས་ཀྱི་སྐུ་མདུན་ན་བསྟན་པ་སྤྱིའི་དགྲ་བགེགས་སོགས་ཞིང་བཅུ་ཚང་བ་བཀུག་སྟེ་སྒྲོལ་བར་བྱེད་པའི་འབྲུབ་ཁུང་ཟབས་སུ་འདོམ་གང་ཙམ་ངོས་རྣམས་ལ་རོ་སོལ་དང་གྲི་ཁྲག་གིས་བྱུགས་པ། སྟེང་དུ་གནམ་སྒོས་བཅད་པ་དང་བཅས་པའི་བཀོད་པ་དང་། སྐུ་ཐམས་ཅད་ནི་ཁྲོ་ལ་རྔམ་པ་འཇིགས་པའི་ཉམས་ཅན་དུ་བཞུགས་པའི་མགོན་[A:129]པོའི་ཁང་པ་ལོགས་རྣམས་ལ་དུར་ཁྲོད་རོལ་བའི་བཀོད་རིས་བསམ་གྱིས་མི་ཁྱབ་པས་བརྒྱན་པ། དེར་བགྲོད་པ་ཙམ་གྱིས་བག་ཚ་ཞིང་སྐྱི་གཡའ་བ་སྔངས་པར་བྱེད་པ་བསིལ་བ་ཚལ་ཆེན་ལྟ་བུའི་གནས་ཆེན་ན། རྒྱུན་གཏོར། རྟག་གཏོར། ཐུན་གཏོར་ལ་སོགས་པའི་གཏོར་ཚོགས་དང་། གོས་སྐུད་ནག་པོ་འབའ་ཞིག་ལས་གྲུབ་པའི་མདོས་ཆེན་གསུམ་དང་། གཞན་ཡང་གོ་མཚོན། དར་ཕན། སྟག་གཟིག་ལ་སོགས་པའི་སྤྱན་གཟིགས་སྣ་ཚོགས་པ་དང་བཅས་པའོ། ། དེའི་སྟེང་གཞལ་