[B:40b]ཡས་ཁང་ཀ་བ་བཞི་
གདུང་མིག་མང་རིས་སུ་བྲེས་པའི་འཕྲུལ་འབུབས་དབུས་ཕྱུར་བུར་གྱུར་པའི་བཟོ་ཁྱད་ཅན་གྱི་གུང་ན། རྗེ་བཙུན་དམ་པ་འདིའི་ཐུགས་དམ་གྱི་གཙོ་བོ་རྒྱུད་སྡེ་མ་ལུས་པའི་སྙིང་པོ་ལས་ཀྱང་སྙིང་པོར་གྱུར་པ་དཔལ་ཀྱེ་རྡོ་རྗེའི་ཞལ་ཕྱག་ཡོངས་རྫོགས་ཀྱི་གསེར་སྐུ་རྗེ་ཉིད་ཀྱི་སྐུའི་ཚད་དང་མཐུན་པ། ལས་སྣ་ཚོགས་པའི་རིགས་བྱེད་ཀྱི་ལག་སོར་ལས་ཐོན་པ་ལྟ་བུ། སྒེག་པ་ལ་སོགས་པའི་གར་གྱི་ཉམས་ཅན་མིག་སྟོང་དང་ལྡན་པས་ལན་བརྒྱར་བལྟས་ཀྱང་ཚིམ་པའི་གོ་སྐབས་དང་བྲལ་བ། རིན་པོ་ཆེ་མཆོག་གི་རྒྱན་ཕྲེང་མཚར་དུ་དངར་བས་སྤྲས་པ་གཙོ་བོར་བཞུགས་པའི་ཕྱོགས་མཚམས་[A:130]བརྒྱད་དུ་འཁོར་གྱི་ལྷ་མོ་དཀར་མོ་དང་། ཆོམ་རྐུན་མ་དང་། རོ་ལངས་མ་དང་། ཟ་ཕོད་མ་དང་། སྦོས་མོ་དང་། རི་ཁྲོད་མ་དང་། གདོལ་པ་མོ་དང་། གཡུང་མོ་རྣམས་ཀྱང་གསེར་སྐུ་ཅུང་གཞོན་པས་བསྐོར་ཏེ་བཞུགས་སོ། ། དེ་དག་གི་ཁྲིའི་འོག་ན་ཡི་དམ་འདི་ཉིད་ཀྱི་རྡུལ་མཚོན་གྱི་དཀྱིལ་འཁོར་རྗེ་བླ་མས་སྒྲུབ་ཅིང་མཆོད་པ་དུས་རྒྱུན་ལྡན་ལྟ་བུར་གནང་བའི་ངོ་མཚར་བ་ཁྱད་པར་གྱི་བཞུགས་སྒམ་དང་བཅས་ཏེ་བཞུགས་སུ་གསོལ་བ། གཞན་ཡང་ཁྲུ་གང་བའི་གསེར་སྐུ་ལ། བཅོམ་ལྡན་འདས་ཀྱེ་རྡོ་རྗེ། དཔལ་དུས་ཀྱི་འཁོར་ལོ། འཁོར་ལོ་བདེ་མཆོག་རྣམས་ཀྱི་སྐུ་ཞལ་ཕྱག་ཡོངས་རྫོགས་བཞུགས་ཁང་སོགས་བཟོའི་ཁྱད་པར་དང་བཅས་པའོ། ། གཙོ་བོའི་སྐུ་མདུན་རྒྱུད་སྡེ་རྣམས་ཀྱི་དགོངས་པ་མཐར་ཐུག་དཔལ་ས་སྐྱ་པའི་རྗེ་བཙུན་རྣམས་ཀྱི་གྲུབ་པའི་མཐའ་ལེགས་པར་བཤད་པ་ཇི་ལྟ་བ་བཞིན་གྱི་དགྱེས་པ་རྡོ་རྗེའི་རྟེན་དང་བརྟེན་པར་བཅས་པའི་བློས་བསླང་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་མངོན་སུམ་པ་ལྟ་བུའོ། ། དེ་ནས་རི་མོར་བཀོད་པ་ལ། གུང་གི་དབུས་ན་དགྱེས་པ་རྡོ་རྗེ་ཐོད་པ་ཅན། གུར་རིགས་བསྡུས་པའི་རྡོ་རྗེ་མཁའ་འགྲོ་ལ་སོགས་པ་མཁའ་འགྲོ་ལྔ། དེའི་[A:131]གཡས་ཕྱོགས་ནས་རིམ་པ་བཞིན། དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ། དཔལ་དུས་ཀྱི་འཁོར་ལོ། དཔལ་གསང་བ་འདུས་པ་མི་སྐྱོད་རྡོ་རྗེ་དང་འཇམ་པའི་རྡོ་རྗེ། དཔལ་གཤིན་རྗེའི་གཤེད་དམར་པོ། དཔལ་རྡོ་རྗེ་འཇིགས་བྱེད། དཔལ་གཤིན་རྗེའི་གཤེད་དགྲ་ནག་པོ། དཔལ་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོ། དཔལ་ཡང་དག་རྣམས་སོ། །