R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༢༥༥
[A:༢༥༥] མགོན་པོ་ཆེ་ཆུང་གི་སྐོར་ལ་སོགས་པ་དང༌། དོན་དུ་གཉེར་བའི་གདུལ་བྱ་གཞན་དག་གི་ངོར་ཡང་སོ་སོར་ཐར་པ་དང༌། བྱང་ཆུབ་སེམས་དཔའ་དང༌། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་སྤྱི་བཀའི་སྐོར་དང༌། བྱེ་བྲག་རྒྱུད་སྡེ་སོ་སོའི་སྨིན་བྱེད་ཀྱི་དབང་བསྐུར་བ་དང༌། རྗེས་སུ་གནང་བ་དང༌། གྲོལ་བྱེད་ཀྱི་ཁྲིད་དང༌། རྒྱབ་རྟེན་གྱི་ལུང་ལ་སོགས་པ་མདོར་ན་ཆོས་ཀྱི་འཁོར་ལོ་བར་མ་ཆད་པར་བསྐོར་ཏེ་གདུལ་བྱ་མཐའ་དག་རྣམ་པར་གྲོལ་བའི་འབྱོར་པ་དང་ལྡན་པར་མཛད་པ་དང༌། ཕྱོགས་དེར་ས་དགོན་ཇི་སྙེད་ཅིག་མཆིས་པ་རྣམས་ཀྱི་གཙོས་གྲུབ་མཐའ་རིས་མེད་པའི་ཆོས་སྡེ་རྣམས་སུ་མོ་ཁྲིམས་དང་ཆང་ཁྲིམས་ཤིན་ཏུ་དམ་པར་བསྡམས་པས་མཚོན་དགེ་འདུན་གྱི་སྒྲིག་ལམ་ལྷོད་པ་རྣམས་གསར་དུ་བསྡམས་པ་དང༌། གྲྭ་གྲངས་ཉུང་བ་རྣམས་མང་པོར་བསྒྱུར་བ་དང༌། ཆོས་རྒྱལ་ཆེན་པོ་དང་བཀའ་མོལ་མཛད་དེ། ཟེ་ཆེན་དགོན་ནས་མ་ཧཱ་པཎྜི་ཏ་འཇམ་དཔལ་དགྱེས་པའི་བློ་གྲོས་དང༌། དཔལ་ས་སྐྱ་ནས་དགའ་ལྡན་དཔོན་སློབ་རིན་པོ་ཆེ་ལུང་དང་རིག་པར་སྨྲ་བ་བྱམས་པ་སྨོན་ལམ་གྲགས་པ་དག་ཆོས་གྲྭ་ཆེན་པོ་ལྷུན་གྲུབ་སྟེང་དུ་གདན་དྲངས་ཏེ་ཕྱི་ནང་གི་རིག་པའི་གནས་ཡན་ལག་དང་བཅས་པའི་བཤད་གྲྭ་བཙུགས་པ་དང༌། མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བའི་སྤྱི་དོན་དང༌། འགྲེལ་པ་སོགས་སྤར་དུ་བཞེངས་པས་མཚོན། མདོར་ན་ཡོན་མཆོད་གཉིས་ཀས་སངས་རྒྱས་ཀྱི་བསྟན་པ་ནི་དེ་བཞིན་གཤེགས་པ་བཞུགས་པའི་དུས་ལ་འགྲན་པ་བཞིན་རྒྱས་པར་མཛད་པ་ཡིན་ནོ། །གཞན་ཡང་ཡུལ་ཕྱོགས་དེ་ཉིད་ཀྱི་ནད་རིམས་ལ་སོགས་པའི་མི་འདོད་པའི་རྐྱེན་ངན་པ་ཐམས་ཅད་ཞི་བ་དང༌། དཔལ་དང་འབྱོར་པ་མཐའ་དག་རྒྱས་པར་བྱ་བ་དང༌། ཕུན་སུམ་ཚོགས་རྒུ་ཐམས་ཅད་དབང་དུ་བསྡུ་བ་དང༌། མི་དང་མི་མ་ཡིན་གྱི་ཉེར་འཚེ་མཐའ་དག་རྒྱང་རིང་