R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༢༥༦
[A:༢༥༦]དུ་བསྐྲད་པ་ལ་སོགས་པ་ཞི་རྒྱས་དབང་དྲག་དང་རྗེས་སུ་འབྲེལ་བའི་སྒོ་ནས་ཕྱོགས་དེའི་བདེ་སྐྱིད་དགུང་ལ་རེག་པར་མཛད་པ་ཡིན་ལ། འདི་སྐབས་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་མཁས་བཙུན་གྲུབ་པའི་ཁྱུ་མཆོག་ཞབས་དྲུང་རིན་པོ་ཆེ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན་པའང་བོད་ནས་ཕེབས་ཏེ་སྐུ་རྩར་བཅར་བཞུགས་ཀྱི་ངོས་གསུང་གི་བདུད་རྩི་མཐའ་ཡས་པ་བཞེས་པ་སོགས་ཐུགས་སྲས་ཀྱི་དྭང་མར་གྱུར་པ་ཡིན་ནོ། །ཀུན་གྱི་བྲན་བཞིན་འགྲོ་དོན་ལ། །བརྩོན་པས་རང་བདེ་ཐོབ་པ་རྣམས། །རྟག་ཏུ་གཞན་ལ་ཕན་པའི་ལས། །རང་གི་སྲོག་བཞིན་འདོར་མི་བྱེད། །ཀུན་ལ་སྙོམས་པའི་ཉི་འོད་ཀྱིས། །པདྨོ་ལྷག་པར་དགའ་བྱེད་ལྟར། །ཐུགས་རྗེར་ཉེ་རིང་མ་མཆིས་ཀྱང༌། །སྐལ་པར་ལྡན་རྣམས་རྗེས་སུ་འཛིན། །སྨོན་ལམ་གཡབ་མོས་བོས་པ་ཡི། །ལུས་ཅན་ཐར་པར་བཀྲི་བའི་སླད། །བརྩོན་འགྲུས་ཤིང་རྟ་ལ་འཛེགས་ཏེ། །བོད་ཆེན་ལྗོངས་སུ་གཤེགས་པར་གྱུར། །ངན་པར་སྤྱད་རྣམས་གཡང་ས་ལས། །བསྒྲལ་ནས་ཡང་དག་ལམ་བཟང་ལ། །སྦྱར་མཛད་རྣམ་ཐར་དཔག་དཀའ་བ། །རྒྱལ་བ་རྣམས་དང་ཁྱད་པར་གང༌། །སྲིད་ཞི་ཇི་བཞིན་གཟིགས་པའི་ཉིས། །བདེ་ཆེན་ཡེ་ཤེས་ཆེར་བསྐྱེད་དེ། །སྡུག་ཀུན་དྲུང་ཕྱུང་བདུད་དཔུང་བཏུལ། །མགོན་པོས་ཆོས་འཁོར་ཡོངས་རྫོགས་བསྐོར། །ཐུབ་བསྟན་དབྱར་གྱི་མཚོ་བཞིན་དུ། །སྤེལ་བའི་དགེ་མཚན་ཕུང་པོ་འདིས། །སྔོན་བྱོན་མཁན་སློབ་ཆོས་གསུམ་གྱི། །གྲགས་པའང་ཉམས་པར་བྱས་ཀྱིས་དོགས། །ཁྱོད་ཀྱི་ཕྲིན་ལས་ཟླ་འོད་ཀྱིས། །ཕུན་ཚོགས་ཆུ་གཏེར་འཕེལ་བགྱིད་པའི། །སྔོན་མེད་ངོ་མཚར་བལྟ་བའི་སླད། །ཉི་ཟླ་སྐར་ཚོགས་ལྷགས་པར་ངེས།། །།གསུམ་པ་སླར་ཡང་རང་གནས་གདན་ས་ཆེན་པོར་ཞབས་བཀོད་དེ་བསྟན་འགྲོའི་དོན་ཇི་ལྟར་མཛད་པའི་ཚུལ་ལ་གཉིས་ཏེ། ཐོག་མར་གཏོང་བ་ཆེན་པོའི་སྒོ་འཕར་ཡངས་པོར་ཕྱེས་ཏེ་བསོད་ནམས་ཀྱི་