R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༢༥༧
[A:༢༥༧]ཚོགས་འདུ་མཛད་པ་སྔོན་དུ་འགྲོ་བའི་ཟབ་པ་དང་རྒྱ་ཆེ་བའི་ཆོས་འཁོར་ཇི་ལྟར་བསྐོར་བའི་ཚུལ་དང༌། བྱང་ཕྱོགས་བོད་ཀྱི་རྒྱལ་པོ་གཞུང་ས་དགའ་ལྡན་ཕོ་བྲང་པ་ཆེན་པོས་ཆེན་པོར་འོས་པའི་མཚན་དང་ཡོ་བྱད་ཀྱིས་ཆེན་པོའི་གོ་སར་མངའ་གསོལ་ནས་རྣམ་དཀར་གྱི་ཕྲིན་ལས་ཇི་ལྟར་མཛད་པའི་ཚུལ་ལོ། །དེའི་དང་པོ་ནི་འདི་ལྟར་རྗེས་སུ་ཐོས་ཏེ། རྗེ་འདི་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་མཚུངས་ཟླ་མ་མཆིས་པར་བརྟེན་ཟང་ཟིང་གི་ལོངས་སྤྱོད་དབྱར་མཚོ་བཞིན་འཕེལ་བར་གྱུར་མོད། ཇི་སྐད་དུ། དབུ་མ་བཤེས་པའི་སྤྲིང་ཡིག་ལས། ལོངས་སྤྱོད་གཡོ་བ་སྙིང་པོ་མེད་མཁྱེན་ནས། །དགེ་སློང་བྲམ་ཟེ་བཀྲེན་དང་བཤེས་རྣམས་ལ། །སྦྱིན་པ་ཚུལ་བཞིན་སྩལ་བགྱི་ཕ་རོལ་ཏུ། །སྦྱིན་ལས་གཞན་པའི་གཉེན་མཆོག་མ་མཆིས་སོ། །ཞེས་གསུངས་པ་ལྟར་སྙིང་པོ་མེད་པའི་ནོར་རྫས་རྣམས་ལས་སྙིང་པོ་དམ་པ་ལེན་པའི་ཕྱིར་དུ་དབུས་གཙང་དག་པའི་ཞིང་དུ་བསྙེན་བཀུར་སྟོབ་པ་དང༌། རྗེ་རང་ཡང་སྐུ་ཚེའི་སྨད་དུ་འདུ་འཛི་དང་རྣམ་གཡེང་སྤངས་ཏེ་བཤད་སྒྲུབ་ལ་བརྩོན་པ་ལྷུར་བཞེས་པའི་སླད་དུ་ཆོས་རྒྱལ་ཆེན་པོར་དགོངས་ཁྲོལ་ཡང་ཡང་ཞུ་བར་མཛད་པར་རིམ་གྱིས་མེ་བྱ་ལོར་བོད་དུ་འབྱོན་ཆོག་པའི་དགོངས་ཁྲོལ་བྱུང་བར་བརྟེན། དེ་སྐོར་གྱི་ཉེར་བསྡོགས་རྣམས་བརྩམས་པ་དང༌། དོན་གཉེར་སོ་སོའི་ཆོས་ཀྱི་འཕྲོ་རྣམས་ཀྱང་རྫོགས་པར་མཛད་པ་དང༌། ཉེ་སྐོར་གྱི་དགོན་ཁག་སོ་སོར་མང་ཇ་དང་འགྱེད་ཆས་གཏན་གཞག་སོགས་གྱ་ནོམ་པ་དང༌། ཁྱད་པར་ལྷུན་གྲུབ་སྟེང་གི་ཆོས་གྲྭ་ཆེན་པོར་དགེ་འདུན་བདུན་བརྒྱ་ཙམ་བཞུགས་པ་ཐམས་ཅད་ཀྱིས་ཀུན་རིག་གི་ཆོ་ག་ཉིན་བཞི་ལྔ་ཙམ་ཚོགས་པར་ཉིན་རེ་བཞིན་དགེ་འདུན་བརྒྱད་རེ་ལ་ཕྱག་འགྱེད་ལྗོན་ཇ་སྦག་རེ་དང༌། བཅུ་རེ་ལ་ལྗོན་ཇ་སྦག་རེ་སྤེལ་མར་མཛད་པ་དང་ལྷན་ཅིག་ལྷུན་གྲུབ་སྟེང་གི་གཙུག་ལག་ཁང་དུ་གོས་ཆེན་བཟང་བསྒྲིགས་ཀྱི་ཕྱེ་ཕུར་ཆ་དང༌།