R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༡༥༧
[A:༡༥༧]ཞུགས་ནས་རྒྱུད་སྡོམ་པ་གསུམ་ལྡན་དུ་མཛད་པའི་ཚུལ་ནི། རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས་མཛད་པའི་རྗེ་འདིའི་རྣམ་ཐར་གསོལ་འདེབས་བྱིན་རླབས་བདུད་རྩིའི་སྤྲིན་མཛེས་ཞེས་བྱ་བ་ལས། རྡོ་རྗེ་འཆང་དངོས་ནམ་མཁའི་མཚན་ཅན་ལས། །སྡོམ་པ་གསུམ་གྱི་བཀའ་དྲིན་ལེགས་ནོས་ཤིང༌། །ཟབ་རྒྱས་སྡེ་སྣོད་རྒྱུད་སྡེ་རྒྱ་མཚོ་ཡི། །སྨིན་གྲོལ་ལམ་བཟང་གསན་ལ་གསོལ་བ་འདེབས། །ཞེས་གསུངས་ཤིང༌། དེའང་འདི་ལྟར་རྗེས་སུ་ཐོས་ཏེ། བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་གཞལ་དུ་མེད་པའི་ཡོན་ཏན་དུ་མ་ལ་དབང་བསྒྱུར་བ་འདི་ནི་གཞོན་ནུའི་དུས་ནས་ཆོས་ཀྱི་བག་ཆགས་ཤིན་ཏུ་མཐུག་པའི་སྟོབས་ཀྱིས། སྐྱེ་བོ་ཕལ་ཆེ་བས་ཀྱང་ངེས་པར་བསྟན་པ་འཛིན་པའི་ཁྱུ་མཆོག་ཆེན་པོ་ཉིད་དུ་འགྱུར་བར་གདོན་མི་ཟ་བར་སེམས་ལ། ཁྱད་པར་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ནམ་མཁའ་འཆི་མེད་ཀྱི་ཞལ་སྔ་ནས། གཞོན་ནུ་འདི་ཆོས་བྱས་ན་ངེས་པར་བསྟན་པ་ལ་ཕན་ཐོགས་ཤིན་ཏུ་ཆེ་བར་འོང་བའི་བཀའ་མཆིད་དབྱངས་ཀྱི་རྒྱལ་མོའི་རྒྱུད་མངས་ནས་དྲངས་པ་ལྟ་བུ་རྣ་བའི་བཅུད་དུ་སྩལ་བས་རྐྱེན་བྱས་ཏེ། དགུང་ལོ་དྲུག་པ་ལྕགས་མོ་གླང་གི་ལོར། དཔེར་ན་སྐྱེས་བུ་སྐོམ་པས་གདུང་བ་འགའ་ཞིག་ཤིན་ཏུ་གཙང་ཞིང་བསིལ་བའི་ཆུ་རྒྱུན་ཡིད་ལ་བྱེད་ཅིང་འགྲོ་བ་བཞིན་དུ། ཡབ་དང་ལྷན་ཅིག་སྔ་ན་མེད་པའི་དགའ་བ་དང་སྤྲོ་བའི་འཛུམ་རླབས་གསར་པ་ཁོང་ནས་དགོད་བཞིན་པའི་ངང་ནས་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་དཔལ་ཨེ་ཝྃ་ཆོས་ལྡན་གྱི་བླ་བྲང་ཐར་པ་རྩེར་ཕེབས། དེའི་ཚེ་གཞན་དག་གིས་གསེར་ཟངས་ཀྱི་གཉྫིར་དང༌། རྒྱལ་མཚན་རྣམས་བསྟན་ཏེ་འདི་རྣམས་ཅི་ཡིན་ཞེས་དྲིས་པ་ན། སྔོན་ནས་གསན་མ་མྱོང་ཡང་འདི་དག་ནི་གསེར་ཟངས་ལས་གྲུབ་པའི་གཉྫི་ར་དང༌། རྒྱལ་མཚན་ནོ་གསུངས་པས། ཐམས་ཅད་ཀྱིས་ན་ཚོད་ཕྲ་མོ་འདི་ལྟ་བུས་འདི་འདྲ་ཤེས་པ་