[A:༡༥༨]ཟེར་ཞིང་ངོ་མཚར་དུ་འཛིན་པ་བྱུང༌། དེ་ནས་མི་འཕྲོགས་པའི་མཁྱེན་རབ་ཕུལ་དུ་ཕྱིན་པའི་མེ་ཏོག་བཀྲ་ཞིང༌། ཐུགས་རྗེའི་ཡལ་ག་རིང་པོར་རྐྱོང་པས་སྐྱེ་རྒུ་ཐམས་ཅད་ཀྱི་རེ་བ་ཡོངས་སུ་འགེངས་པའི་རྣམ་འདྲེན་དཔག་བསམ་གྱི་ལྗོན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ནམ་མཁའ་འཆི་མེད་ཀྱི་ཞབས་པད་ལེགས་པར་བསྟེན་ཅིང༌། གུས་པའི་ཀུན་སྤྱོད་ཀྱིས་མཉེས་པར་བྱས་ཏེ། ཡི་གེའི་ཕྱི་མོ་ནས་བཟུང་འབྲི་ཀློག་སོགས་བཀའ་ཁྲིད་ཞུས་པ་ཙམ་གྱིས་ཚེགས་མེད་དུ་མཁྱེན། དེ་ནས་དགུང་ལོ་བཅོ་ལྔའི་བར་ལ་ཨེ་ཝྃ་པའི་འདོན་ཆོག་ཡོངས་སུ་རྫོགས་པ་ཐུགས་འཛིན་དང༌། དེ་དག་གི་གོ་དོན་དང་ཆོ་གའི་ཕྱག་ལེན་ཐ་ན་གདངས་དབྱངས་ཚུན་ཆད་དཔྱིས་ཕྱིན་པར་མཛད། ཁྱད་པར་ས་པཎྜིཏ་ཆེན་པོས་མཛད་པའི་བསྟན་བཅོས་སྡོམ་གསུམ་རབ་དབྱེ། རྗེ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་རྒྱུད་བཤད་ཀྱི་སྔོན་འགྲོ་ཚུལ་གསུམ་མཛེས་རྒྱན་དང༌། རྒྱུད་ཀྱི་མངོན་པར་རྟོགས་པ་ལྗོན་ཤིང་མཛེས་རྒྱན། དཔལ་ཀྱེ་རྡོ་རྗེའི་རྩ་བའི་རྒྱུད་བརྟག་པ་གཉིས་པ་སྟེ་ངོར་པའི་གཞུང་ཆུང་བཞིར་གྲགས་པ་དང༌། རྗེ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་གསུང་ངག་ལམ་འབྲས་ཀྱི་སྔོན་འགྲོ་སྣང་གསུམ་མཛེས་རྒྱན། དངོས་གཞི་རྒྱུད་གསུམ་མཛེས་པར་བྱེད་པའི་རྒྱན་བཅས་ཐུགས་འཛིན་གནང་སྟེ་ཨེ་ཝྃ་བླ་བྲང་དུ་རྒྱུགས་འབུལ་བར་མཛད། ཨེ་ཝྃ་དུ་ལོ་དར་བཞིན་བདེ་ཀྱེ་གསང་གསུམ་གྱི་རྒྱུད་ནས་བསྟན་པའི་བླ་མེད་ཀྱི་དཀྱིལ་འཁོར་ཆེན་པོ་ལྔའི་སྒྲུབ་མཆོད་མཛད་པའི་ནང་ཚན་བདེ་མཆོག་ལཱུ་ནག་གི་ཆོ་གའང་ལོ་བཞི་ཙམ་གྱི་བར་དུ་གཏོང་བར་མཛད། དེ་ནས་དགུང་གྲངས་བཅོ་ལྔར་སོན་པ་ལྕགས་ཁྱི་ལོར། མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ནམ་མཁའ་འཆི་མེད་ས་སྐྱར་ཁྲི་མཇལ་ལ་ཕེབས་པ་དང་ལྷན་ཅིག །རྗེ་འདིའང་བོད་ཀྱི་རྡོ་རྗེ་གདན་དཔལ་ལྡན་ས་སྐྱའི་ཆོས་གྲྭ་ཆེན་པོར་ཕེབས་ཏེ། དེར་བཞུགས་པའི་བདག་ཆེན་འཇམ་པའི་དབྱངས་སྐུ་ངོ་