R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༡༥༩
[A:༡༥༩]ཁག་དང༌། རྟེན་གསུམ་ཐམས་ཅད་ཞིབ་པར་མཇལ། ཁྱད་པར་ཁུ་བོ་མཁན་ཆེན་རྡོ་རྗེ་འཆང་ཆེན་པོས་འཇམ་མགོན་དབང་སྡུད་སྙིང་པོར་རྗེ་འདི་ལ་མཚན་ཞིག་སྩལ་དགོས་པའི་སྙན་སྒྲོན་ཕུལ་བ་ན། དེས་ཀྱང་ཐུགས་དགྱེས་པའི་འཛུམ་དཀར་གཡོ་བཞིན་པའི་ངང་ནས་མཚན་བྱམས་པ་ཀུན་དགའ་བསྟན་འཛིན་ཞེས་བྱ་བར་འདོགས་པར་མཛད་དོ། །དེ་ནས་རང་གནས་ཨེ་ཝྃ་ཆོས་ལྡན་དུ་ཕེབས་ཤིང་ཁྱིམ་གྱི་བདེ་འབྱོར་ལ་ཆགས་པ་ནི་ཐར་པའི་གོ་སྐབས་མེད་པའི་མེ་འོབས་སྟུག་པོའི་ནང་ན་གནས་པ་ལྟ་བུ་དང༌། རབ་ཏུ་བྱུང་བ་རྣམས་ནི་བསིལ་ཁང་ན་གནས་པ་ལྟ་བུའི་འདུ་ཤེས་འཁྲུངས་ཤིང༌། ཁྱད་པར་དུའང་འཕགས་མཆོག་ཀླུ་སྒྲུབ་ཀྱིས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །ཞེས་གསུངས་པ་ལྟར་ཡོན་ཏན་ཀུན་གྱི་གཞིར་གྱུར་པ་ནི་ཚུལ་ཁྲིམས་ཀྱི་བསླབ་པ་ཉིད་ཡིན་པར་དགོངས་ཏེ། མདོར་ན་ངེས་པར་འབྱུང་བའི་ཐུགས་ཀྱི་ཀུན་སློང་རྣམ་པར་དག་པས་ཀུན་ནས་བསླངས་ཏེ་ལོ་དེར་དེ་དུས་གངས་ཁྲོད་ཀྱི་འདུལ་བ་འཛིན་པ་རྣམས་ཀྱི་གཙུག་གི་ནོར་བུ་ལྟ་བུར་གྱུར་པ་ཁུ་བོ་མཁན་ཆེན་ཐམས་ཅད་མཁྱེན་པ་ཆེན་པོར་མཁན་པོ་ཞུས་ཤིང༌། གཞན་ཡང་ལས་བྱེད་པའི་དགེ་སློང་གྲངས་ཚང་པའི་དབུས་སུ་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་དང༌། ཁྱིམ་པའི་རྟགས་ཐམས་ཅད་མཆིལ་མའི་ཐལ་བ་ལྟར་བོར་ཏེ་རབ་ཏུ་བྱུང་བའི་རྟགས་དང་ཆ་ལུགས་ལ་སོགས་པ་ཡང་དག་པར་ལེན་པ་བར་མ་རབ་བྱུང་སྔོན་དུ་འགྲོ་བའི་སྒོ་ནས་དངོས་གཞི་དགེ་ཚུལ་གྱི་སྡོམ་པ་རྣམ་པར་དག་པ་ལེགས་པར་བཞེས་པར་མཛད་དོ། །དེ་ཕྱིན་ཆད་འདི་སྣང་སྲིད་པའི་བསམ་སྦྱོར་མཐའ་དག་དུག་ཅན་གྱི་ཁ་ཟས་བཞིན་དུ་རྒྱང་རིང་དུ་དོར་ནས། རང་གཞན་གྱི་དོན་དུ་རྣམ་པར་གྲོལ་བའི་ཡོན་ཏན་ཁོ་ན་དོན་དུ་གཉེར་བའི་སྒོ་ནས། ཇི་སྐད་དུ་ཀཱ་རི་ཀ་སུམ་བརྒྱ་པ་ལས། གང་ཞིག་སྲོག་