R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༢༧༡
[A:༢༧༡]ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར་བ་དང༌། སླར་ཡང་ཕྱི་ལོ་ཆུ་མོ་ཡོས་ཀྱི་གནམ་ལོ་གསར་དུ་འཆར་བའི་དཔྱིད་ཀྱི་དུས་སུའང་དཔལ་ཨེ་ཝྃ་ཆོས་ལྡན་གྱི་བླ་བྲང་ཐར་པ་རྩེར་རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་པ་འཇམ་པའི་དབྱངས་མཁྱེན་རྩེའི་དབང་པོ་དང༌། གནས་ལྔ་རིགས་པའི་མཁས་པ་ཆེན་པོ་འཇམ་པའི་དབྱངས་ངག་དབང་ལེགས་གྲུབ་པ་བཅས་ཀྱིས་གསོལ་བ་བཏབ་པའི་ངོར། གསུང་ངག་རིན་པོ་ཆེ་ལམ་འབྲས་སློབ་བཤད་དུ་གྲགས་པའི་སྨིན་གྲོལ་ཆ་ལག་དང་བཅས་པ་ཡོངས་སུ་རྫོགས་པ་ལན་ཅིག་སྩལ་བར་མཛད་དོ། །སྔ་ལོ་སྡེ་དགེ་ཆོས་རྒྱལ་ཆེན་པོ་བྱམས་པ་ཀུན་དགའ་སངས་རྒྱས་བསྟན་པའི་རྒྱལ་མཚན་པ་ཞི་བར་གཤེགས་པའི་དགོངས་རྫོགས་བསྒྲུབ་པ་དང༌། མཁན་རིན་པོ་ཆེ་རྣལ་འབྱོར་འཇམ་དཔལ་བཟང་པོ་མདོ་ཁམས་སུ་གདན་དྲང་པའི་སླད་དུ་སྡེ་དགེའི་སྐུ་ཚབ་དཔོན་འཁོར་རྣམས་འབྱོར་བར་བརྟེན། རྗེ་འདི་དགུང་གྲངས་རེ་བརྒྱད་པ་ཆུ་ཡོས་ཧོར་ཟླ་ལྔ་པའི་ཚེས་གསུམ་ཉིན་མཁན་ཆེན་རྡོ་རྗེ་འཆང་རྣལ་འབྱོར་འཇམ་དཔལ་བཟང་པོ་དང༌། ཀུན་གཟིགས་འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོ་སྟོན་འཁོར་རྣམས་མདོ་ཁམས་སུ་ཆིབས་བཏེག །ལོ་དེའི་མཇུག་ཏུ་ས་སྐྱ་ནས་འཇམ་མགོན་ཁྲི་ཆེན་རིན་པོ་ཆེས་བཀའ་ནན་སྩལ་བར་བརྟེན་རྗེ་འདི་ས་སྐྱར་ཕེབས། འཇམ་མགོན་ཁྲི་ཆེན་རིན་པོ་ཆེ་ཡབ་སྲས་རྣམས་སུ་བཀའ་ཆོས་རྣམས་ཐུགས་བཞེད་བཞིན་ཕུལ་ཏེ་ཨེ་ཝྃ་དུ་ཕེབས། དེ་ཕྱིན་ཆད་ས་སྐྱར་ཕེབས་དགོས་ཚུལ་གྱི་བཀའ་ནན་ཡང་ཡང་སྩལ་རུང༌། སྐུ་ན་མཐོ་བའི་སྟབས་ཀྱིས་དགོངས་ཁྲོལ་ནན་ཆེར་ཞུ་བར་མཛད་དེ་ཕྱོགས་གང་དུའང་མ་ཕེབས་པར་ཨེ་ཝྃ་རང་དུ་གཙོ་བོར་ཐུགས་དམ་ཁོ་ན་བཞུགས་ཤིང༌། བཀའ་