R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༢༧༢
[A:༢༧༢]ཆོས་སྩལ་བའི་རིམ་པའང༌། དགུང་གྲངས་རེ་དགུ་པ་ཤིང་འབྲུག་ལོར་འཇམ་པའི་དབྱངས་ངག་དབང་ལེགས་གྲུབ་པས་གསོལ་བ་བཏབ་པའི་ངོར། གྲུབ་ཆེན་ཨ་བྷ་ཡས་བཀྲལ་བའི་རྡོ་རྗེ་ཕྲེང་བ་དགེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་གསུམ་དང་བཅས་པ་རྣམས་ཀྱི་དབང་བསྐུར་བ་དང༌། གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་བྱིན་རླབས་དང༌། བློ་སྦྱོང་དོན་བདུན་མའི་ཁྲིད་དང༌། བློ་སྦྱོང་ཞེན་པ་བཞི་བྲལ་གྱི་ཁྲིད་དང༌། ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱི་བཀའ་འབུམ་གྱི་ལུང་དང་བཅས་པ་རྣམས་དང༌། གཞན་ཡང་དབང་དང་རྗེས་གནང་ཟུར་བཀའ་འགའ་ཞིག་དང༌། སྒྲུབ་ཐབས་བརྒྱ་རྩའི་རྗེས་སུ་གནང་བ་རྣམས་སྩལ། དགུང་གྲངས་བདུན་ཅུ་པ་ཤིང་སྦྲུལ་ལོར་དོན་དུ་གཉེར་བ་འགའ་ཞིག་གི་ངོར། ཀྱེ་རྡོ་རྗེ་བཀའ་བབས་བཞིའི་དབང་དང༌། ལམ་འབྲས་པོད་དམར་སེར་གྱི་ལུང་དང༌། བློ་སྦྱོང་གླེགས་བམ་གྱི་ལུང་ལ་སོགས་པ་སྩལ། འདི་ལོ་མདོ་ཁམས་ནས་རྗེ་འདིའི་དབོན་ཞབས་དྲུང་རིན་པོ་ཆེ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན་པའང་ཨེ་ཝྃ་དུ་ཕེབས། དབུས་གཙང་ཐམས་ཅད་དུ་བསྙེན་བཀུར་དང་འབུལ་བ་སོགས་གྱ་ནོམ་པ་མཛད། དགུང་གྲངས་དོན་གཅིག་པ་མེ་རྟ་ལོར། བསྟན་པའི་སྣང་བྱེད་དམ་པ་ཞབས་དྲུང་རིན་པོ་ཆེ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན་པའི་དབུས་བདག་ཅག་རྣམས་ཀྱིས་གསོལ་བ་བཏབ་པའི་ངོར། གསུང་ངག་རིན་པོ་ཆེ་ལམ་འབྲས་སློབ་བཤད་ཀྱི་སྨིན་གྲོལ་ཆ་ལག་དང་བཅས་པ་ཡོངས་སུ་རྫོགས་པ་བཀའ་དྲིན་ཆེན་པོས་སྩལ། དགུང་གྲངས་དོན་གཉིས་པ་མེ་ལུག་ལོ་དང༌། དོན་གསུམ་པ་ས་སྤྲེལ་ལོ་གཉིས་སུ་དབང་དང་རྗེས་གནང་ཟུར་བཀའ་རེ་ཟུང་ལས་བཀའ་ཆོས་ཆེ་རིགས་མ་སྩལ། ས་སྤྲེལ་ལོ་མདོ་ཁམས་