R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༢༧༣
[A:༢༧༣]ནས་མཁན་ཆེན་རྡོ་རྗེ་འཆང་རྣལ་འབྱོར་འཇམ་དཔལ་བཟང་པོ་དང༌། འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོ་བཅས་ཀྱང་རིས་སུ་མེད་པའི་དགོན་ཁག་སོ་སོར་འབུལ་བ་དང་བསྙེན་བཀུར་གྱ་ནོམ་པ་མཛད་བཞིན་པའི་སྒོ་ནས་ཨེ་ཝྃ་དུ་ཕེབས། དགུང་གྲངས་དོན་བཞི་པ་ས་བྱ་ལོར། བདག་ཅག་རྣམས་ཀྱིས་གསོལ་བ་བཏབ་པའི་ངོར། ནཱ་རོ་མཁའ་སྤྱོད་མའི་སྨིན་གྲོལ་ཡོངས་སུ་རྫོགས་པ་དང༌། དཔལ་ལྡན་དོན་གྲུབ་པའི་བཀའ་འབུམ་གྱི་ལུང་ལ་སོགས་པའི་བཀའ་ཆོས་འགའ་ཞིག་སྩལ། འདི་ལོ་ཞབས་དྲུང་དབོན་རིན་པོ་ཆེ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན་པའང་མདོ་ཁམས་སུ་ཕེབས། དགུང་གྲངས་དོན་ལྔ་པ་ལྕགས་ཁྱི་ལོར་ཀུན་གཟིགས་འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པའི་ངོར། གཤེད་དམར་ལྷ་ལྔའི་སྨིན་བྱེད་ཀྱི་དབང་དང༌། གྲོལ་བྱེད་སྤྲོས་མེད་ཀྱི་ཁྲིད་དང་བཅས་པ་དང༌། གཞན་ཡང་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་དང༌། རྗེས་གནང་ཟུར་བཀའ་འགའ་ཞིག་སྩལ། དགུང་གྲངས་དོན་དྲུག་པ་ལྕགས་ཕག་ལོར་ལོ་སྔ་མའི་ནང་ནས་མགུལ་བློ་ལྟ་བུས་བསྙུན་ཡུན་ཅུང་ཟད་རིང་ཞིང་སྐུ་མདངས་ཞན་པར་ཐར་རྩེ་རང་ནས་ཀྱང་ཞབས་བརྟན་དང་གསོལ་སྨན་གྱི་འཕྲོད་བཞེས་སོགས་ནར་མར་ཕུལ་ཅིང༌། ལྷག་པར་ཀུན་གཟིགས་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཡོན་སྦྱར་ཏེ། མཁས་བཙུན་གྲུབ་པའི་གཙུག་རྒྱན་རྡོ་རྗེ་འཛིན་པ་ངག་དབང་ལེགས་གྲུབ་དཔོན་སློབ་རྣམས་ཀྱིས་སྒྲོལ་དཀར་འོད་ཟེར་དྲུག་སྦྲག་གི་སྒྲུབ་མཆོད་གནད་སྨིན་མཐའ་རྟེན་དཱུ་རྦའི་སྦྱིན་སྲེག་དང་བཅས་པ་མཛད་དེ། ཀུན་གཟིགས་བླ་མས་ཞབས་བརྟན་འབུལ་མཚོན་དང་ལྷན་ཅིག་ཚེ་རྫས་ཕུལ་སྐབས་རྗེ་བླ་མ་ཉིད་ཀྱང་