R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༢༧༤
[A:༢༧༤]དགྱེས་ཉམས་ཆེ་ཞིང༌། མདངས་རྨི་ལམ་དུ་རང་རེའི་བླ་བྲང་གི་ཤར་གྱི་རྩིག་རྨངས་འདི་ཞིག་ལ་ཁད་དུ་སྣང་བ་སེམས་མི་བདེ་བའི་ཉམས་ཀྱིས་གཉེར་པ་མཁྱེན་རབ་ལ་འདི་བཅོས་དགོས་ཚུལ་མོལ་བས་དེ་མ་ཐག་ལས་མི་ཁ་ཤས་དང་བཅས་རྩིག་པ་སྲ་བརླིང་ཞིག་འཕྲལ་དུ་གྲུབ་སོང་བ་ད་སྟེ་ལོ་ཤས་བརྟན་པར་འདུག་སྙམ་ཡིད་བདེ་བར་བྱུང་བ་ལ་དཔགས་ན། ད་རེས་ནད་འདིས་སྐྱོན་མི་འདུག་ཅིང༌། ད་དུང་ལོ་ཤས་འཚོ་བ་འདྲ་ཞེས་བཀའ་སྩལ་བ་ལྟར། དེ་འཕྲལ་སྐུ་ཁམས་རིམ་གྱིས་དྭང་སྟེ་སྐུའི་གཟི་བྱིན་སྔར་བཞིན་རྒྱས་པ་དང༌། བསྟན་འགྲོའི་དཔལ་དུ་ཞབས་པད་ཡུན་རིང་པོར་འཚོ་ཞིང་གཞེས་པའི་དགེ་མཚན་མངོན་དུ་གྱུར། དེ་སྐབས་སྡེ་དགེ་རྒྱལ་སྲས་བླ་མ་རིན་པོ་ཆེ་དབུས་གཙང་གི་ཕྱོགས་སུ་བསྙེན་བཀུར་སྟོབ་བཞིན་པའི་སྒོ་ནས་ཨེ་ཝྃ་དུ་ཕེབས། དེས་གསོལ་བ་བཏབ་པ་ལྟར་རྗེ་ཉིད་ཀྱིས་མཁན་པོ་དང༌། མཁན་ཆེན་བླ་མ་རྣལ་འབྱོར་འཇམ་དཔལ་བཟང་པོས་ལས་ཀྱི་སློབ་དཔོན་མཛད་དེ་བདག་ཅག་ལ་སོགས་པ་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་དང༌། གསུང་ངག་རིན་པོ་ཆེ་ལམ་འབྲས་སློབ་བཤད་ཀྱི་སྨིན་གྲོལ་ཆ་ལག་ཡོངས་སུ་རྫོགས་པ་ལན་ཅིག་དང༌། དབང་དང་རྗེས་གནང་ཟུར་བཀའི་རིགས་ཀྱང་ཁ་ཤས་སྩལ། དེ་ལོ་འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོའང་སྡེ་དགེ་དང་ལྷན་ཅིག་ཏུ་མདོ་ཁམས་སུ་བྱོན། དེ་ནས་བཟུང་སྟེ་དགུང་གྲངས་གྱ་གཉིས་པ་མེ་སྦྲུལ་ལོའི་བར་གཙོ་བོར་ཐུགས་དམ་ཁོ་ན་ལ་གཞོལ་བར་མཛད་ཅིང༌། སྔ་ཕྱིར་བདག་གིས་གསོལ་བ་བཏབ་པའི་ངོར། རིགས་གསུམ་སྤྱི་དང༌། འཕགས་པ་བཅུ་གཅིག་ཞལ་ལྷ་སོ་བདུན་དང༌། གདུགས་དཀར་ལྷ་ཉེར་བདུན་མ་དང༌། སྲུང་བ་ལྷ་ལྔ་བཅུ་རྩ་གཅིག་དང༌། འཇམ་