[A:༢༧༥]པའི་དབྱངས་ཨ་ར་པ་ཙ་ལྷ་ལྔ་དང༌། ཕྱག་རྡོར་འཆི་འཇོམས་དང༌། འཇིགས་བྱེད་རྭ་ལུགས་ལྷ་དགུ་དང༌། གསང་བ་འདུས་པ་འཇམ་པའི་རྡོ་རྗེ་དང༌། བདེ་མཆོག་ནག་པོ་པ་དང༌། ཀྱེ་རྡོ་རྗེ་བཀའ་བབས་བཞི་རྣམས་ཀྱི་དབང་བསྐུར་བ་དང༌། རྗེས་གནང་ཟུར་བཀའ་འགའ་ཞིག་དང༌། ཀླུ་སྒྲུབ་རྒྱ་མཚོས་མཛད་པའི་ལམ་འབྲས་སློབ་བཤད་པོད་དང༌། ངག་དབང་བརྟན་རྡོར་གྱིས་མཛད་པའི་ལམ་འབྲས་ཚོགས་བཤད་དང༌། མུས་ཆེན་བཀའ་འབུམ་རྣམས་ཀྱི་ལུང་དང༌། ཁྲོ་བཅུའི་རྗེས་གནང་སྔོན་དུ་འགྲོ་བའི་རྡོ་རྗེ་བྲག་རྫོང་མའི་ཕྱི་ཁྲིད་དང༌། མགོན་པོད་མེ་འབར་མ་དང༌། ཁ་སྐོང་དང༌། སྙན་བརྒྱུད་དང༌། ཡང་སྐོང་དང༌། དུད་སོལ་མའི་དཔེ་བུམ་རྣམས་ཀྱི་ལུང་རྣམས་བཀའ་དྲིན་ཆེན་པོའི་སྒོ་ནས་སྩལ་བ་དང༌། གཞན་ཡང་དེ་སྐབས་རྣམས་སུ་སྐུ་རྟེན་གསར་བཞེངས་དང༌། ཐར་རྩེ་རང་གི་ལྷ་ཁང་ཁག་རྣམས་ལ་སྔ་ཕྱིར་རབ་ཏུ་གནས་པ་ལན་བཞི་ཙམ་མཛད་པ་དང༌། ནོར་བུམ་དང༌། ཀླུ་བུམ་དང༌། ས་བདག་སྙིང་གཏེར་རྣམས་ཀྱི་བུམ་པ་མང་པོ་ཚུལ་བཞིན་དུ་བསྒྲུབས་པར་མཛད་དེ། ཡུལ་ཕྱོགས་སོ་སོར་སྦ་བ་སོགས་བསྟན་པ་དང་སེམས་ཅན་གྱི་དོན་ཁོ་ན་ལས་ནམ་ཡང་གཡེལ་བ་མི་མངའ་བ་ཡིན་ནོ། །མགོན་ཁྱོད་བསོད་ནམས་སྤེལ་བའི་སླད། །གཏོང་བའི་སྒོ་བརྒྱ་དབྱེ་འདིས་ཅི། །གདོད་ནས་སྦྱིན་པའི་ཕ་རོལ་ཕྱིན། །ཡོངས་སུ་རྫོགས་པར་བྱས་མིན་ནམ། །འོན་ཏེ་སེམས་དཔའ་ཆེ་རྣམས་ཀྱིས། །སྤྱོད་ཚུལ་གཞན་ལ་སློབ་པའི་ཕྱིར། །སྙིང་པོ་མེད་པའི་ནོར་རྣམས་ཀྱང༌། །སྙིང་པོ་དམ་པའི་དཔལ་ལ་སྦྱར། །རང་ཉིད་སྲིད་ཞི་ཐམས་ཅད་ཀྱི། །མཆོད་སྡོང་མཚུངས་པ་མེད་བརྙེས་ཀྱང༌། །ད་དུང་རྒྱལ་བའི་བསྟན་པ་ལ། །གུས་པའི་སྲིད་ཞུ་ཅི་ཡང་མཛད། །གདུལ་བྱའི་བློ་གྲོས་དང་འཚམ་པར། །ཆོས་ཀྱི་འཁོར་ལོ་རབ་