[A:༡༦༠]གཅོད་གཞན་གྱི་ནོར་འཕྲོག་དང༌། །མི་ཚངས་སྤྱོད་རྫུན་བཅོས་པའི་ཆང་ལ་སོགས། །གར་སོགས་ཕྲེང་སོགས་མལ་ཆེ་མཐོ་བ་དང༌། །ཕྱི་དྲོའི་ཁ་ཟས་དངུལ་ཉིད་སྤོང་བ་ནི། །ཉོན་མོངས་དགྲ་གཡུལ་རྒྱལ་བྱེད་ཚུལ་ཁྲིམས་ཏེ། །དགེ་ཚུལ་བརྟུལ་ཞུགས་ཆུ་ལོན་བརྩིགས་པ་དང༌། །འཆི་བའི་མཆེ་བ་འབྱིན་པར་བྱེད་པའི་ཐབས། །རྫོགས་པའི་བྱང་ཆུབ་དཔལ་ནོད་དབང་བསྐུར་ཡིན། །ཞེས་པ་ལྟར་གྱི་དགེ་ཚུལ་གྱི་བསླབ་པའི་གཞི་བཅུ་ཆར་གཏོགས་དང་བཅས་པ་མཐའ་དག་ཕྲ་ཞིང་ཕྲ་བ་ནས་མིག་འབྲས་བཞིན་དུ་སྲུང་བར་མཛད་དོ། །བྱང་ཆུབ་སེམས་དཔའི་སྡོམ་པ་ནི་ཁུ་བོ་མཁན་ཆེན་བྱང་ཆུབ་སེམས་དཔའ་དེ་ཉིད་ཀྱི་དྲུང་ནས་ཀྱང་བརྒྱུད་པའི་ཁྱད་པར་གཉིས་ལྡན་གྱི་སེམས་བསྐྱེད་གསན་ཅིང༌། གཞན་ཡང་རྒྱལ་བའི་སྲས་པོ་ངག་དབང་བསྟན་པ་རིན་ཆེན་སོགས་ལས་བརྒྱུད་པའི་ཁྱད་པར་གཉིས་ལྡན་གྱི་སེམས་བསྐྱེད་གསན་ཏེ། དེ་ཕྱིན་ཆད་ནག་པོའི་ཆོས་བཞི་སྤོང་ཞིང་དེའི་གཉེན་པོར་དཀར་པོའི་ཆོས་བཞི་སྒྲུབ་པ་དང༌། གཞན་ཡང་ཕམ་པ་ལྟ་བུའི་ཆོས་བཞི་དང༌། ཉེས་བྱས་བཞི་བཅུ་ཞེ་དྲུག་དང༌། ནམ་མཁའི་སྙིང་པོའི་མདོ་ལས་གསུངས་པའི་བྱང་ཆུབ་སེམས་དཔའ་རྒྱལ་པོ་ལ་འབྱུང་བའི་ལྟུང་བ་གཅིག །བློན་པོ་ལ་འབྱུང་བའི་ལྟུང་བ་གཅིག །རྒྱལ་བློན་ཐུན་མོང་དུ་འབྱུང་བ་བཞི། བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ལ་འབྱུང་བ་བརྒྱད་དང་བཅས་པ་ཐམས་ཅད་ཀྱང་སྲུང་སྡོམ་གྱི་ར་བ་ལས་ནམ་ཡང་མི་འདའ་བར་མཛད་པ་ཡིན་ནོ། །གསང་བ་སྔགས་ཀྱི་སྡོམ་པ་ནི། གནས་སྐབས་དེ་ཉིད་དུ་རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་རྡོ་རྗེ་སེམས་དཔའ་དང་དབྱེར་མ་མཆིས་པ་ཁུ་བོ་མཁན་ཆེན་དེ་ཉིད་ཀྱི་དྲུང་ནས། རྒྱུད་མ་སྨིན་པ་སྨིན་པར་བྱེད་པ་དཔལ་ཀྱེ་རྡོ་རྗེ་མན་ངག་ལུགས་ཀྱི་དབང་བསྐུར་བ་ལེགས་པར་གསན་ཅིང༌། གཞིར་གནས་པའི་རྡོ་རྗེ་བཞི་ལ་སྐུ་བཞིའི་ས་བོན་བཏབ་སྟེ། དབང་གིས་མཚོན་