[A:༢༧༩]ཤིན་ཏུ་ངོ་མཚར་བའི་གནས་ཡིན་ནོ། །དེ་ལྟར་སྐུ་ཚེ་རངས་པོར་དམ་པའི་ཆོས་འཆད་པ་དང༌། རྩོད་པ་ནི་གདུལ་བྱ་རྣམས་ཀྱིས་མ་རྟོགས་པ་དང༌། ལོག་པར་རྟོག་པའི་ཐེ་ཚོམ་གྱི་དྲྭ་བ་སེལ་བའི་སླད་དུ་འདི་རྣམས་ནི་འཐད་ལ། འདི་དག་ནི་མི་འཐད་པའོ། །ཞེས་རྒྱུ་མཚན་དང་བཅས་པས་བཀའ་སྩལ་བ་རྣམས་ཡིན་ལ། གསུང་རྩོམ་ནི་གསང་འདུས་མི་བསྐྱོད་པའི་ཆོ་ག་ནག་འགྲོས་མ་དང༌། སྡེ་དགེའི་གཞི་བདག་འབྲི་གཉན་གདོང་གི་བསང་མཆོད་དང༌། ཁམས་ཕྱོགས་ཀྱི་དགོན་སྡེ་འགའ་ཞིག་གི་བཅའ་ཡིག་དང༌། ཞལ་གདམས་དང༌། གསོལ་འདེབས་ཀྱི་སྐོར་རེ་ཟུང་ལས་རྒྱ་ཆེ་རིགས་མ་མཛད་དོ། །གཞན་ཡང་ལོ་རེ་བཞིན་ཆོ་འཕྲུལ་ཟླ་བའི་ཚེས་གཅིག་ནས་བཅོ་ལྔའི་བར་ཉིན་རེ་བཞིན་སྤོས། མར་མེ། ཞལ་ཟས་རྣམས་བརྒྱ་ཕྲག་རེ་དང་འབྲེལ་བར་དགེ་སློང་བཅོ་ལྔ་སྐོར་གྱིས་བླ་མ་མཆོད་པ་དང༌། གནས་བརྟན་ཆོ་ག་དང༌། སྒྲོལ་མ་མཎྜལ་བཞི་པའི་ཆོ་ག་སོགས་གསུང་བ་དང༌། རྒྱུན་དུའང་ཉ་སྟོང་ཚེས་བརྒྱད་ཕལ་ཆེ་བར་བརྒྱ་མཆོད་རེ་དང་བཅས་ཏེ་དགེ་སློང་ཉུང་ཤས་རེས་བླ་མ་མཆོད་པ་སོགས་གསུང་བ་དང༌། ཡང་རྗེ་འདི་སྐུ་མཆེད་རྣམས་ནས་ལོ་རེ་བཞིན་དགེ་སློང་བཅོ་ལྔ་སྐོར་གྱིས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་གསུང་སྒྲོགས་ཚར་རེ་མ་ཆག་པར་མཛད་པ་དང༌། དུས་དུས་སུ་ཞབས་བརྟན་རིམ་གྲོའི་རིགས་ཀྱང་ཤིན་ཏུ་རྒྱ་ཆེ་བ་སྒྲུབ་པ་དང༌། སྔར་བསྙེན་བཀུར་ཞུ་བ་མ་བྱུང་བའི་དགོན་སྡེ་འགའ་ཞིག་ལའང་མང་ཇའི་བསྙེན་བཀུར་སོགས་སྩལ་བ་དང༌། བལ་ཡུལ་གྱི་མཆོད་རྟེན་དང༌། ལྷ་ལྡན་གྱི་ཇོ་ཤཱཀ་རྣམ་གཉིས་བཅས་ཀྱི་མདུན་དུའང་སྔ་ཕྱིར་མཆོད་འབུལ་ཡང་ཡང་བསྐུར་བར་མཛད་པ་དང༌། མཁན་རིན་པོ་ཆེ་རྣལ་འབྱོར་འཇམ་དཔལ་