R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༢༨༤
[A:༢༨༤]པ་ཞིག་སྟེ། རིག་འཛིན་ཡོངས་འདུས་ཀྱི་ཆོས་བདག་ལུང་བསྟན་སོགས་སུ་གནས་གསར་བ་མཁྱེན་བརྩེའི་དབང་ཕྱུག་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་རྣམ་འཁྲུལ་ཡིན་པར་བཤད་པ་དང༌། ཡང་ལས་འཕྲོ་གླིང་པས་ནི་ལང་གྲོའི་རྣམ་འཕྲུལ་དུ་བཤད་ཅིང༌། དོན་འདི་དག་ལ་བརྟེན་ནས་རྒྱལ་མཆོག་ལྔ་པ་རིན་པོ་ཆེས་ཀྱང་ཐོག་མའི་སྤྲུལ་གཞི་ནི་འཇམ་པའི་དབྱངས་ཡིན་ལ། དེ་ནས་ཤཱ་རིའི་བུ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། ལང་གྲོ་དཀོན་མཆོག་འབྱུང་གནས་སོགས་ཡིན་པར་བཤད་དོ། །གང་ལྟར་ཡང་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ནི་འབད་མེད་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཀྱིས་སེམས་ཅན་གྱི་དོན་རྒྱུན་མི་འཆད་པ་ཁོ་ན་ལས། ཚེ་འདིའི་སྣང་ཤས་ལ་ལྟོས་དགོས་པ་མིན་ནའང༌། རེ་ཞིག་བྱམས་པ་ནམ་མཁའ་འཆི་མེད་དང་ཐུགས་རྒྱུད་གཅིག་པར་བཟུང་སྟེ། ཐར་རྩེ་རང་གི་ཞབས་དྲུང་དུ་མངའ་གསོལ་བར་མཛད་ཅིང༌། དེ་ལྟ་བུའི་རྗེ་བཙུན་བླ་མ་འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོ་དེས་ཀྱང་འཆད་པ་དང༌། རྩོད་པ་དང༌། རྩོམ་པ་ལ་སོགས་པའི་སྒོ་ནས་བརྩེ་ཆེན་སྙིང་པོའི་ཞབས་ཀྱི་རིང་ལུགས་མཐའ་དག་ཤིན་ཏུ་དར་ཞིང་རྒྱས་པར་མཛད་པ་དང༌། གཞན་ཡང་གསང་སྔགས་སྔ་འགྱུར་བ་དང༌། ཇོ་བོ་བཀའ་གདམས་པ་དང༌། དྭགས་པོ་བཀའ་བརྒྱུད་པ་དང༌། ཤངས་པ་བཀའ་བརྒྱུད་པ་དང༌། ཞི་བྱེད་ཀྱི་སྐོར་དང༌། བུ་ལུགས་དང༌། ཇོ་ནང་དང༌། བོ་དོང་པ་ལ་སོགས་པ་རིས་སུ་མེད་པའི་ཆོས་ཚུལ་མཐའ་དག་དར་རྒྱས་སུ་མཛད་པ་དང༌། ཁྱད་པར་དེ་དག་གི་ནང་གསེས་ཆོས་རྒྱུན་ཤིན་ཏུ་ཕྲ་བ་མར་མེ་སྣུམ་ཟད་ལྟ་བུར་གྱུར་པ་ཇི་སྙེད་མཆིས་པ་ཐམས་ཅད་ཀྱང་ཉམས་པ་གསོས་ཏེ་སླར་ཡང་དབྱར་མཚོ་ལྟར་སྤེལ་བ་དང༌། རྗེ་བཙུན་ས་སྐྱ་པ་ནས་བརྒྱུད་པ་གཙོ་བོར་གྱུར་