[A:༢༨༥]པའི་མན་ངག་ཐོར་བུའི་སྐོར་མཐའ་དག་ཀྱང་རྒྱུན་མི་ནུས་པའི་ཆེད་དུ་ཕྱོགས་གཅིག་ཏུ་བསྒྲིགས་པར་མཛད་པའི་སྒྲུབ་ཐབས་ཀུན་ལས་བཏུས་པ་པུུ་སྟ་ཀ་བརྒྱད་ཙམ་བཞུགས་པ་ཐམས་ཅད་ཀྱང་དེང་སྐབས་སྤར་དུ་སྤེལ་བཞིན་པའི་སྐབས་དང༌། ཨོ་རྒྱན་ཆེན་པོས་ཆོས་བདག་ཏུ་ཇི་ལྟར་ལུང་བསྟན་པ་བཞིན་དུ་རྩོད་བྲལ་དུས་བབ་ཀྱི་གཏེར་སྟོན་ཆེན་པོ་མཆོག་གྱུར་བདེ་ཆེན་གླིང་པས་སྤྱན་དྲངས་པའི་ཟབ་ཆོས་རྣམས་ཀྱང་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པར་མཛད་པ་དང༌། སྔ་ན་མེད་པའི་རྟེན་གསུམ་ངོ་མཚར་ཅན་བསམ་གྱིས་མི་ཁྱབ་པ་བཞེངས་པ་སོགས་མདོར་ན་ཕྲིན་ལས་ནམ་མཁའ་དང་མཉམ་ཞིང་རིས་སུ་མེད་པའི་བསྟན་པའི་སྲོག་ཤིང་གཅིག་པུར་གྱུར་པ་ཡིན་ནོ། །ཡང་གནས་ལྔ་རིག་པའི་མཁས་པ་ཆེན་པོ་འཇམ་པའི་དབྱངས་ངག་དབང་ལེགས་གྲུབ་བམ། མཚན་གཞན་ངག་དབང་བློ་གྲོས་སྙིང་པོ་གཞན་ཕན་མཐའ་ཡས་པའི་འོད་ཟེར་ཞེས་ཡོངས་སུ་གྲགས་པ་འདི་ཉིད་ཀྱང་སྐུ་ན་ཆུང་ངུའི་དུས་ནས་མདོ་རྒྱུད་མཐའ་དག་ལ་མཁྱེན་པའི་སྤྱན་རས་གསལ་བར་གྱུར་ནའང༌། བསྟེན་པར་བྱ་བའི་སློབ་དཔོན་མཁས་པ་སུའང་མ་བཞུགས་པར་བརྟེན་ཕྱི་རིག་པའི་གནས་ལ་སྦྱངས་པ་མཛད་པ་ཞིག་མ་བྱུང་ལ། ཕྱིས་སུ་བཅུ་ཕྲག་རིག་པའི་མ་ཧཱ་པཎྜི་ཏ་འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོ་ཨེ་ཝྃ་དུ་ཕེབས་པ་ན། བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་འདིས། ད་ནི་ཁྱེད་ཀྱིས་ཀྱང་ཕྱི་རིག་པའི་གནས་ལ་སྦྱངས་པ་མཐར་ཕྱིན་པ་མཛོད་ཅིག་ཅེས་བསྐུལ་བ་ན། དེས་ཀྱང་དེ་བཞིན་དུ་མཛད་དེ་ཕྱིས་གནས་ལྔ་རིག་པའི་མ་ཧཱ་པཎྜི་ཏ་ཆེན་པོར་གྱུར་ལ། སླར་ཡང་དེའི་ཕྲིན་ལས་ཀྱི་རྒྱུན་གོང་ནས་གོང་དུ་འཕེལ་བའི་སླད་དུ་ཐར་རྩེ་རང་གི་ཞབས་དྲུང་དུ་མངའ་གསོལ་བར་མཛད་ཅིང༌། དེ་ལྟ་བུའི་མཁས་པ་ཆེན་པོ་དེས་ཀྱང་