[A:༢༨༦]ངོར་ལུགས་དཀྱིལ་འཁོར་བདུན་ལ་སོགས་པའི་ཆོ་ག་མང་པོ་ནག་འགྲོས་སུ་མཛད་དེ་སྤར་དུ་སྤེལ་བ་དང༌། དགེ་འདུན་གྱི་སྡེ་ཆེན་པོ་གསར་དུ་བཙུགས་ཏེ་འཇམ་དབྱངས་ས་སྐྱ་པའི་རང་ལུགས་གསལ་བར་བྱེད་པའི་སྡོམ་གསུམ་གྱི་བསྟན་བཅོས་གཙོས་ལེགས་བཤད་ཇི་སྙེད་སྤེལ་བ་དང་བཅས་བཤད་སྒྲུབ་ཀྱི་རྒྱུན་འཛུགས་པ་སོགས་དཔལ་ས་སྐྱ་པ་ཆེན་པོའི་བསྟན་པའི་སྲོག་ཤིང་གཅིག་པུར་གྱུར་ཏེ་ཕྲིན་ལས་ནམ་མཁའ་དང་མཉམ་པར་གྱུར་རོ། །དེ་ལྟ་བུའི་མཁས་པ་ཆེན་པོ་རྣམ་པ་གཉིས་ཀྱིས་དཔལ་ས་སྐྱ་པའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་མཛད་པའང་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་ངེས་པ་དོན་གྱི་རྡོ་རྗེ་འཆང་ཆེན་པོ་འདིའི་ཕྲིན་ལས་ཀྱི་རྒྱུན་ལས་བྱུང་བ་ཡིན་པར་ཤེས་པར་བྱའོ། །གཟོད་ནས་དེ་བཞིན་གཤེགས་ཀུན་གྱིས། །སྲིད་ཞིའི་བླ་མར་དབང་བསྐུར་བ། །གང་དེ་སླར་ཡང་གཟེངས་བསྟོད་པའི། །འགྲོ་འདིའི་བློ་གྲོས་ཤིན་ཏུ་འཁྲུལ། །འོན་ཏེ་ཚུར་མཐོང་མགུ་བའི་སླད། །ཆེན་པོའི་གོ་སར་མངའ་གསོལ་བ། །དེ་དག་ཀུན་གྱི་བློ་དེ་ཡང༌། །ཁྱོད་ཀྱི་རྣམ་འཕྲུལ་ལས་གཞན་ཅི། །ཨེ་མ་ཆེ་རྒུའི་གཙུག་ཏོར་རྩེར། །ཞབས་ཀྱི་ཆུ་སྐྱེས་ཉེར་བཀོད་པ། །བདེ་འབྱུང་གཙུག་ན་མཛེས་པ་ཡི། །ཟླ་ཤེལ་བཞིན་དུ་རྣམ་པར་མཛེས། །དེ་ལྟའི་ངོ་མཚར་ཉིན་བྱེད་ཀྱིས། །བྱིས་བློའི་པདྨོ་རྒྱས་གྱུར་ཀྱང༌། །དཔྱོད་ལྡན་རྣམས་ནི་དེ་ཙམ་དུ། །ཡ་མཚན་ཀུནྡ་བཞད་མ་ལགས། །ཁྱོད་ཀྱི་འབྱོར་པ་མི་ཟད་པས། །སྙིགས་མའི་རྒུད་པ་ཀུན་འཕྲོགས་ཏེ། །རྫོགས་ལྡན་ལྟ་བུར་བགྱིས་པ་འདིས། །བྱེད་པོའང་ཕམ་པར་བྱས་ཀྱིས་དོགས། །དེ་ལྟར་མོད་ཀྱི་རྒྱལ་སྲས་རྣམས། །རང་གི་སྤྱོད་ཚུལ་སྤྱོད་པ་ལ། །ཧ་ཅང་མཚར་དུ་བརྩི་བ་ཡི། །བློ་དེ་བྱིས་པ་ཡིན་སྙམ་བགྱིད། །རྒྱལ་