R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༢༨༩
[A:༢༨༩]རྣམས་རང་གི་བསྟན་པ་ལ། །བཏང་སྙོམས་མཛད་པའི་དུས་མཐའ་འདིར། །ཁྱོད་ཀྱི་ཕྲིན་ལས་ཤིང་རྟ་ཡིས། །མཁས་པའི་ཉི་གཞོན་རྣམ་པར་དྲངས། །དེ་ལྟའི་སྨྲ་བ་མཆོག་རྣམས་ཀྱིས། །ཐུབ་བསྟན་ཉིན་བཞིན་སྤེལ་བ་ནི། །རྐང་གཉིས་གཙོ་བོ་འཇིག་རྟེན་འདིར། །བྱོན་པའི་དུས་ལ་འགྲན་པར་བཞིན། །དེ་སླད་མགོན་ཁྱོད་ཡོན་ཏན་ལ། །རྒྱལ་དང་ཁྱད་པར་མ་མཆིས་ཀྱང༌། །སྙིགས་དུས་བསྟན་པ་སྤེལ་བ་ལ། །རྒྱལ་བ་ལས་ཀྱང་ལྷག་པར་མཐོང༌། །ཁྱོད་ཀྱི་ཐུན་མོང་མ་ཡིན་པའི། །ངོ་མཚར་རྨད་བྱུང་ཁབ་ལེན་གྱིས། །མཁས་རྣམས་ཡིད་ཀྱི་ལྕགས་ཕྱེ་ནི། །ལན་ཅིག་མིན་པར་ཀུན་ཏུ་སྡུད།། །།སྤྱི་དོན་ལྔ་པ་ཆོས་ཀྱི་འཁོར་ལོ་བསྐོར་བའི་གྲུབ་འབྲས་བསྟན་འཛིན་གྱི་སློབ་མ་ཇི་ཙམ་བྱུང་བའི་ཚུལ་ནི། སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས་མཛད་པའི་རྣམ་ཐར་གསོལ་འདེབས་ལས། ཡོངས་རྫོགས་བསྟན་པའི་མངའ་བདག་ཐམས་ཅད་མཁྱེན། །དཔལ་ལྡན་ས་སྐྱའི་འཇམ་མགོན་ཡབ་སྲས་སོགས། །གངས་ཅན་མཁས་གྲུབ་ཀུན་གྱིས་ཕྱག་བྱས་ཤིང༌། །གསུང་གི་བདུད་རྩི་གཞེས་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར། དམ་པ་འདིས་ནི་ཟང་ཟིང་ལ་མི་བལྟ་བའི་བྱམས་པ་དང༌། འཁོར་བ་ལས་སྒྲོལ་འདོད་ཀྱི་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ། ཇི་སྐད་དུ། མདོ་ཏིང་འཛིན་རྒྱལ་པོ་ལས། འཕྲལ་དུ་བརྗོད་པར་མི་བྱ་ཡི། །སྣོད་ལ་བརྟག་པ་བྱས་ནས་བྱ། །གལ་ཏེ་སྣོད་ནི་ཤེས་གྱུར་ན། །གསོལ་མ་བཏབ་ཀྱང་བཤད་པར་བྱ། །འཁོར་ནི་མང་པོ་འཁོད་ནང་དུ། །གལ་ཏེ་ངང་ཚུལ་ངན་མཐོང་ན། །ཁྱོད་ཀྱིས་ཡོ་བྱད་བསྙུངས་མི་བཤད། །