[A:༡༦༡]པའི་ཡེ་ཤེས་མངོན་དུ་གྱུར་པའི་ཚུལ་གྱིས་བརྗོད་བྲལ་ལྷན་ཅིག་སྐྱེས་པ་ནང་གི་སྡོམ་པ་ཐོབ་པར་མཛད་ལ། དེ་ཕྱིན་ཆད་དབང་བཞི་པོ་རེ་རེ་ལའང་མཉམ་རྗེས་བཟའ་བསྲུང་མི་འབྲལ་བའི་དམ་ཚིག་ལྔ་ལྔ་སྟེ་ཉི་ཤུ་དང༌། ཁྱད་པར་བུམ་དབང་གི་བསྲུང་བའི་དམ་ཚིག་རྩ་བའི་ལྟུང་བ་བཅུ་བཞི། ཡན་ལག་གི་ལྟུང་བ་བརྒྱད་དང་བཅས་པ་རྣམས་ལ་སྲུང་སྡོམ་རྣམ་པར་དག་པའི་སྒོ་ནས་དམ་ཚིག་ཕྲ་ཞིང་ཕྲ་བའང་ཉམས་པའི་གོ་སྐབས་མི་སྲིད་པ་ཡིན་ནོ། །གཞན་ཡང་མཁན་ཆེན་རྡོ་རྗེ་འཆང་དེ་ཉིད་ཀྱི་དྲུང་ནས། དཔལ་ཀྱེ་རྡོ་རྗེའི་ལུས་དཀྱིལ་གྱི་དབང་བསྐུར་བ་དང༌། གྲུབ་ཆེན་ཛེ་ཏཱ་རིས་བཀྲལ་བའི་བྱ་རྒྱུད་པདྨའི་རིགས་ཀྱི་གཙོ་བོ་ཚེ་དཔག་མེད་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱུད་ནས་བསྟན་ཞིང་གྲུབ་ཆེན་ཀུན་སྙིང་གིས་བཀྲལ་བའི་རྗེས་སུ་འབྲང་བ་ཀུན་རིག་རྩ་བའི་དཀྱིལ་འཁོར་ལྷ་སོ་བདུན་མགྲོན་ཐབས་ཀྱི་ལྷ་དང་བཅས་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། འཕགས་མཆོག་ཀླུ་སྒྲུབ་ཞབས་ཀྱིས་བཀྲལ་བའི་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེ་ལྷ་སོ་གཉིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། སློབ་དཔོན་ནག་པོ་སྤྱོད་པས་མངལ་སྐྱེས་སྦྱོང་བྱེད་དུ་བཀྲལ་བའི་འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། གྲུབ་ཆེན་ཐང་སྟོང་པའི་ལུགས་ཀྱི་ཚེ་རྟ་ཟུང་འབྲེལ་གྱི་དབང་དང༌། དེའི་ཡིག་ཆ་སྔགས་འཆང་ཀུན་དགའ་བཀྲ་ཤིས་ཀྱིས་མཛད་པའི་ལུང་ལ་སོགས་པ་ཉེར་མཁོ་འགའ་ཞིག་དང༌། ངག་དབང་བརྟན་པའི་རྡོ་རྗེས་མཛད་པའི་ལམ་འབྲས་ཚོགས་བཤད་ཀྱི་ཁྲིད་ཡིག་གི་ལུང་ལ་སོགས་པ་གསན་པ་ཡིན་ནོ། །དེ་ལོ་བལ་བོད་དམག་འཁྲུགས་ཀྱི་རྐྱེན་གྱིས་དབུས་གཙང་ཐམས་ཅད་དུ་འབྲུམ་ནད་བྱུང་བར་བརྟེན། རྗེ་འདི་ཡང་སྐུ་འབྲུམ་གྱིས་སྐུ་བརྙེལ་ཚུལ་བཞེས་ཀྱང༌། སླར་རིམ་གྱིས་ཟླ་བ་སྤྲིན་ལས་གྲོལ་