[A:༢༨༨]སྦྱིན་པའི་བསྔགས་པ་བརྗོད་པར་བྱ། །གལ་ཏེ་འདོད་པ་ཆུང་ཞིག་སྟེ། །ཚུལ་ཁྲིམས་དག་པར་གནས་ཡིན་ན། །ཁྱོད་ཀྱིས་བྱམས་པའི་སེམས་བསྐྱེད་ལ། །ཡོ་བྱད་བསྙུངས་བའི་གཏམ་གྱིས་ཤིག །གལ་ཏེ་སྡིག་འདོད་ཆུང་གྱུར་ཅིང༌། །ཚུལ་ཁྲིམས་ལྡན་པ་མང་གྱུར་ལ། །གཉེན་པོ་རྙེད་པ་དེ་ཡི་ཚེ། །ཚུལ་ཁྲིམས་བསྔགས་པ་བརྗོད་པར་བྱ། །ཞེས་སོགས་གསུངས་པ་ལྟར་གདུལ་བྱ་རང་རང་གི་སྣོད་དང་བསྟུན་ཏེ་ངལ་བ་དང་དུབ་པའི་རྣམ་པ་ཅུང་ཟད་ཀྱང་མི་མངའ་བར་གོང་དུ་ཇི་སྐད་བཤད་པ་ལྟར་གྱི་གསུང་ངག་རིན་པོ་ཆེ་ལམ་འབྲས་ཚོགས་བཤད་ཚར་བཅུ་དང༌། སློབ་བཤད་ཚར་དྲུག་སྟེ་བཅུ་དྲུག་དང༌། རྡོ་རྗེ་ཕྲེང་བའི་དབང་ཚར་གཉིས། ཀྱེ་རྡོར་བཀའ་བབས་བཞིའི་དབང་ཚར་དྲུག་ལ་སོགས་པ་མདོར་ན་རྗེ་རང་གིས་གང་གསན་པའི་ཟབ་པ་དང་རྒྱ་ཆེ་བའི་ཆོས་མཐའ་དག་ལན་གྲངས་མང་པོའི་བར་དུ་སྩོལ་བར་མཛད་པ་ལ་བརྟེན། ཞལ་སློབ་ཀྱང་སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་རྣམས་ནས་གདུལ་བྱ་སྐལ་བ་དང་ལྡན་པ་སྤྲིན་བཞིན་དུ་འདུས་པ་རྣམས་རེ་རེ་ནས་སྨོས་ཀྱིས་མི་ལང་མོད། མདོར་བསྡུ་བའི་དབང་དུ་བྱས་ཏེ་བརྗོད་ན། གངས་ལྗོངས་སྐྱེ་རྒུའི་སྐྱབས་གཅིག་ས་སྐྱ་འཁོན་གྱི་གདུང་བརྒྱུད་དུ་འཁྲུངས་པ་ལྔ། རྒྱལ་བས་ལུང་གིས་བསྔགས་པའི་ངོར་ཆེན་རྡོ་རྗེ་འཆང་ཆེན་པོའི་ཆོས་ཀྱི་ཁྲི་ལ་ཞབས་སེན་རྣམ་པར་བཀོད་པ་དྲུག །འཇིག་རྟེན་གྱི་ཁམས་ན་འགྲན་ཟླ་དང་བྲལ་བའི་མཁས་པ་ཆེན་པོ་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་ལྔ། ཀུན་མཁྱེན་ཨེ་ཝྃ་པ་ཆེན་པོའི་རིང་ལུགས་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ལ་རབ་ཏུ་ཆས་པའི་ཞབས་དྲུང་རྣམ་པ་བརྒྱད། བསྟན་པ་སྟོབས་ཀྱིས་འཛིན་པའི་ཆོས་རྒྱལ་ཆེན་པོ་ཡབ་སྲས་བཞི་