R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༢༨༩
[A:༢༨༩]གཙོ་བོར་གྱུར་པའི་རྒྱལ་རིགས་དུ་མ། སྟོབས་དང་འབྱོར་པས་སྒེག་པའི་མི་ཆེན་དུ་རློམ་པ་མང་པོ། རྒྱལ་པོའི་བླའི་མཆོད་གནས་སུ་མངའ་གསོལ་ཞིང་ཟབ་རྒྱས་ཀྱི་ཆོས་ཚུལ་སྟོན་པ་བདུན། འཆད་རྩོད་རྩོམ་གསུམ་ལ་དབང་འབྱོར་པའི་བཤེས་གཉེན་ལུང་རིག་སྨྲ་བ་དྲུག །དགོན་སྡེ་སོ་སོའི་མཁན་པོ་དང་སློབ་དཔོན་དང་སྤྲུལ་སྐུ་དང་ཆོས་རྗེའི་རིགས་མང་པོ། རྩེ་གཅིག་ཏུ་སྒྲུབ་པའི་རྒྱལ་མཚན་འཛིན་པའི་རྣལ་འབྱོར་པ་མང་པོ། སྡོམ་པ་གསུམ་ཆར་གྱི་བཀའ་དྲིན་རྫོགས་པར་ནོས་པའི་སློབ་མ་སུམ་སྟོང་ཙམ། ཆོས་འབྲེལ་ཙམ་ཞུས་པའི་སློབ་མ་གྲངས་ལས་འདས་པ་རྣམས་སུ་ཡོད་པ་ལས། དང་པོ་གངས་ལྗོངས་སྐྱེ་རྒུའི་སྐྱབས་གཅིག་ས་སྐྱ་འཁོན་གྱི་གདུང་བརྒྱུད་དུ་འཁྲུངས་པ་ལྔ་ནི། མཁས་དང་གྲུབ་པའི་གཙུག་རྒྱན་ཡབ་རྗེ་གྲུབ་པའི་དབང་ཕྱུག་ངག་དབང་ཀུན་དགའ་བཀྲ་ཤིས་མཐུ་སྟོབས་བསྟན་འཛིན་བཟང་པོ། མཐའ་ཀླས་བསྟན་འགྲོའི་དཔའ་མགོན་འཇམ་དཔལ་ངུར་སྨྲིག་འཛིན་པ་མགོན་པོ་འདིས་དབང་རེ་ཟུང་ལས་བཀའ་ཆོས་ཆེ་རིགས་མ་གསན་དངོས་གྲུབ་དཔལ་འབར། གཏེར་སྟོན་མཆོག་གྱུར་བདེ་ཆེན་གླིང་པའི་ཟབ་གཏེར་ལས་སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་རྣམ་འཕྲུལ་དུ་ལུང་བསྟན་པའི་སྔགས་འཆང་བླ་མ་ཁྲི་ཆེན་ཐམས་ཅད་མཁྱེན་པ་ངག་དབང་བཀྲ་ཤིས་རིན་ཆེན་ཐེག་མཆོག་བསྟན་པའི་རྒྱལ་མཚན། སྨིན་གྲོལ་གདམས་པ་རྒྱ་མཚོའི་གཏེར་གྱུར་སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས། འཇམ་དཔལ་ངུར་སྨྲིག་རྣམ་རོལ་གདུང་སྲས་ཕྱོགས་ཀྱི་གླང་པོ་དང་ལྔའོ། །གཉིས་པ་རྒྱལ་བས་ལུང་གིས་བསྔགས་པའི་ངོར་ཆེན་རྡོ་རྗེ་འཆང་ཆེན་པོའི་ཆོས་ཀྱི་ཁྲི་ལ་ཞབས་སེན་རྣམ་པར་བཀོད་པ་དྲུག་ནི།